འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་4ཉིན།

༄༅།།ཞི་ཅིན་ཕིང་དང་འཇར་མན་གྱི་ཙུང་ལི་མོ་ཁེར་དབར་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་04ཉིན། 12:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཟླ་6ཚེས་3ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་འཇར་མན་གྱི་ཙུང་ལི་མོ་ཁེར་དབར་ཞལ་པར་ཐོག་ནས་བཀའ་མོལ་གནང་ཡོད་པ་རེད།
   ཞི་ཅིན་ཕིང་གིས་བསྟན་དོན། འདི་ནི་ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་ང་ཚོ་ཕན་ཚུན་ཁ་པར་གཏོང་ཐེངས་གསུམ་པ་དེ་ཡིན་པས། ཕྱོགས་གཉིས་པོའི་ཚད་མཐོའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་དང་འཐབ་ཇུས་ཐད་ཀྱི་འབྲེལ་གཏུག་ཟབ་མོ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་སྲིད་གཞུང་གིས་རིམས་ནད་ཀྱི་གནད་དོན་ཐད་ཕྱི་རོལ་ཡུལ་དང་མཐུན་ལ་རྗེས་དཔག་གི་ལངས་ཕྱོགས་འཛིན་པ་དང་ཚན་རིག་ལ་བརྩི་འཇོག་བྱས་པར་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ལས་དོན་ལ་ཐུན་མོང་ཐོག་རྒྱབ་སྐྱོར་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཀྱི་སྒྲོམ་གཞིའི་ནང་གི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་རིམས་ནད་འགོག་བཅོས་བྱེད་པར་ཐུན་མོང་ཐོག་རྒྱབ་སྐྱོར་བྱས་ཏེ་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱ་ཆེད་ལེགས་སྐྱེས་འབུལ་འདོད་ཡོད།
   ཞིས་ཅིན་ཕིང་གིས་བསྟན་དོན། ང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་དགོས། ཀྲུང་གོའི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་ཡུན་རིང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་གཞི་རྩའི་རྣམ་པར་འགྱུར་ལྡོག་བྱུང་མེད། ང་ཚོས་བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་འཛམ་གླིང་དང་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས། འཇར་མན་གྱི་ཁེ་ལས་ཀྱིས་ཀྲུང་གོར་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བར་ཁོར་ཡུག་བཟང་པོ་མུ་མཐུད་གཏོད་འདོད་ཡོད་ཅེས་གསུངས་པ་རེད། ཉེ་ཆར་ཀྲུང་གོ་དང་འཇར་མན་གྱི“མྱུར་བགྲོད་བགྲོད་ལམ”དངོས་སུ་འཁོར་རྒྱུག་བྱས་ཡོད་པ་རེད། དེས་རྒྱལ་ཁབ་གཉིས་པོའི་དགོས་མཁོ་ཡོད་པའི་ཁེ་ལས་ཀྱིས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་གང་མགྱོགས་བྱེད་པར་རོགས་རམ་བྱས་ནས་རྒྱལ་སྤྱིའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བར་སྲུང་སྐྱོང་བྱ་རྒྱུར་ཕན་ཐོགས་ཡོད། ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ཀྱིས་འཛམ་གླིང་སྔ་ཙམ་དཔལ་འབྱོར་ཉམས་རྒུད་ལས་སྒྲོལ་རྒྱུའི་ཐད་དགོས་ངེས་ཀྱི་ནུས་པ་འདོན་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ཀྲུང་གོ་དང་འཇར་མན་གྱིས་བརྟན་ལ་ལེགས་པའི་མཉམ་ལས་འབྲེལ་བ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མུ་མཐུད་གྲོལ་མོལ་དང་སྤེལ་རེས་བྱེད་འདོད་ཡོད་། ད་ལོའི་ལོ་སྨད་དུ་འཇར་མན་གྱིས་ཡོ་རོབ་མནའ་འབྲེལ་གྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བར་བསྔགས་བརྗོད་བྱ་རྒྱུ་ཡིན་། འཇར་མན་ཕྱོགས་དང་ཡོ་རོབ་མནའ་འབྲེལ་ཕྱོགས་ཀྱིས་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་། གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ཏེ། ཐུན་མོང་ཐོག་ངེས་གཏན་མེད་པའི་འཛམ་གླིང་ལ་ངེས་གཏན་རང་བཞིན་མང་དུ་གཏོང་དགོས། ཀྲུང་གོ་དང་འཇར་མན་དང་།  ཀྲུང་གོ་དང་ཡོ་རོབ་དབར་ཆབ་སྲིད་འབྲེལ་བའི་གྲོས་རིམ་གལ་ཆེན་རབ་དང་རིམ་པ་གྲོས་མོལ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་ཡོ་རོབ་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་བྱས་ཏེ། བྱེད་སྒོ་དེ་དག་ལ་གྲུབ་འབྲས་ཐོབ་པའི་འགན་ལེན་བྱ་རྒྱུ་དང་།  ཀྲུང་གོ་དང་འཇར་མན་དབར་དང་། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།