མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་13ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་11ཉིན་གྱི་མཚན་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། ཀྲུང་ཧྥི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་མི་དམངས་ཀྱིས་ཕན་ཚུན་རོགས་རམ་བྱས་ནས་མཉམ་དུ་རིམས་ནད་འགོག་པ་དེ་ཐོག་ནས་ཅི་འདྲ་ཞིག་ལ་ལྟ་རེས་སྐྱོང་རེས་ཀྱི་སྤུན་ཟླའི་བརྩེ་སེམས་ཟེར་བ་འགྲེལ་བཤད་བརྒྱབ་ཡོད། ཁྱེད་ཀྱི་འགོ་ཁྲིད་འོག་ཧྥི་ལི་ཕིན་ཕྱོགས་ཀྱིས་གོ་ཆོད་ནུས་ལྡན་གྱི་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་རབ་དང་རིམ་པ་བཏོན་ནས་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པ་མཐོང་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་། ཧྥི་ལི་ཕིན་གྱི་མི་དམངས་ཀྱིས་མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་རིམས་ནད་ལས་སྔ་ཙམ་རྣམ་པར་རྒྱལ་ཐུབ་པ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་གྱི་དགོས་མཁོ་ལྟར་ཧྥི་ལི་ཕིན་ཕྱོགས་ལ་མུ་མཐུད་ནས་རྒྱབ་སྐྱོར་བརྟན་པོ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛིན་ནས་གོ་ལ་ཧྲིལ་པོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་མ་དངུལ་དང་། ཉམས་མྱོང་། ཡིད་ཆེས་བཅས་མཁོ་འདོན་བྱས་ཡོད་ལ། དགོས་མཁོ་ཡོད་པའི་རྒྱལ་ཁབ་ལའང་རོགས་སྐྱོར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་མཐུན་སྒྲིལ་བྱས་ནས་རིམས་འགོག་བྱ་རྒྱུ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྣེ་ཁྲིད་ཀྱི་ནུས་པ་དེ་བས་ཡག་པོ་འདོན་རྒྱུར་རྒྱབ་སྐྱོར་བྱས་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་བསྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
   ཞི་ཅིན་ཕིང་གིས། ད་ཐེངས་ཀྱི་རིམས་ནད་ནི་ཉེན་ཁ་ཞིག་ཡིན་ཡང་ང་ཚོས་ཉེན་ཁའི་ཁྲོད་གོ་སྐབས་གསར་པ་དམ་འཛིན་བྱེད་ཕོད་པ་བྱས་ནས་དུས་བབ་ཀྱི་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་གཏོད་དགོས། ཀྲུང་ཧྥི་ཕྱོགས་གཉིས་པོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་གནས་ཚུལ་འོག བསམ་ཕྱོགས་དང་བྱ་ཐབས་གསར་གཏོད་བྱེད་པ་དང་། དགོས་ངེས་ཀྱི་མི་སྣ་འགྲོ་འོང་རིམ་བཞིན་སླར་གསོ་བྱེད་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་པ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་སྐྲུན་དགོས། རིམས་འགོག་དང་འཕེལ་རྒྱས་སླར་གསོ་བྱེད་པའི་བརྒྱུད་རིམ་ནང་ཀྲུང་ཧྥིའི་སྲོལ་རྒྱུན་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་བཞིན་ཟབ་ཏུ་འགྲོ་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བར་དེ་བས་ཡངས་ཤིང་ཆེ་བའི་འཕེལ་རྒྱས་ཀྱི་མདུན་ལམ་ཡང་འཕྲད་རྒྱུ་ཡིན་པའི་ཡིད་ཆེས་ཡོད། ཀྲུང་ཧྥི་རྒྱལ་ཁབ་གཉིས་པོས་མཛའ་མཐུན་དེ་མཐའ་འཁྱོངས་བྱེད་པ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཕུགས་ཀྱི་ཁེ་ཕན་དང་རྦད་དེ་མཐུན་པ་ཞིག་ཡིན་པས་ལོ་རྒྱུས་ཀྱིས་དེ་ར་སྤྲོད་བྱེད་ངེས་རེད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"