མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་19ཉིན། 12:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་17ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་དངུལ་རྩའི་སྒྲིག་གཞིས་ཁེ་ལས་ལ་སྔར་བས་ལུགས་མཐུན་ངང་ཁེ་སྤོགས་སྤྲོད་རྒྱུར་ཁྲིད་སྟོན་བྱས་ཏེ་དཔལ་འབྱོར་གྱི་གཞི་རྩ་བརྟན་པོ་ཡོང་བར་རམ་འདེགས་བྱེད་དགོས་པའི་བཀོད་སྒྲིག་གནང་བ་དང་གྲོན་དངུལ་གཅོག་པའི་སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་གང་མགྱོགས་ཐོན་པ་བྱས་ནས་ཁྲོམ་རའི་བྱེད་པོའི་ཁུར་པོ་ཡང་དུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
   ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་དགོས་པ་དང་། ངེས་པར་དུ་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་ལྷག་པར་དུ་ཁྲོམ་རའི་གསོན་ཤུགས་དང་གཞི་ཁྱོན་རང་བཞིན་གྱི་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་དུས་མཚུངས་དངུལ་ལོར་དང་དངུལ་རྩའི་སྲིད་ཇུས་ཀྱིས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁེ་ལས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་དཀའ་གནད་ལས་སྒྲོལ་རོགས་བྱས་ནས་དངུལ་རྩའི་སྒྲིག་གཞི་དང་ཁེ་ལས་མཉམ་དུ་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། འདི་ལོའི་ཟླ་1ནས་ཟླ་5པའི་བར་ཚད་གཞི་དམའ་རུ་གཏོང་བ་དང་། དངུལ་བུན་བསྐྱར་གཏོང་དང་སྐྱེད་ཀ་བསྐྱར་གསབ། ཁྲོམ་རའི་སྐྱེད་ཚད་ཆག་རྒྱུར་ཁྲིད་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད་མི་དམངས་ཤོག་སྒོར་གྱི་དངུལ་བུན་དུས་མཚུངས་ལས་མང་དུ་ཕྱིན་པ་དང་ཁེ་ལས་ཀྱི་ཕྱོགས་བསྡུས་མ་རྩ་བསྡུ་སྒྲིལ་གྱི་མ་གནས་དམའ་རུ་ཕྱིན་ཡོད། གོམ་སྟབས་རྗེས་མར་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་བླང་བྱ་གཞིར་བཟུང་། གཅིག་ནས་ལུགས་མཐུན་གྱི་ཁེ་སྤོགས་སྤྲོད་པའི་འགག་རྩ་དེར་དམ་འཛིན་བྱས་ནས་ཁྲོམ་རའི་བྱེད་པོ་འགན་ལེན་དང་དཔལ་འབྱོར་གྱི་གཞི་རྩའི་ཐབས་ཇུས་བརྟན་པོ་ཡོང་བ་བྱེད་དགོས་པ་དང་། གཉིས་ནས་ཚད་གཞི་དམའ་རུ་གཏོང་བ་དང་དངུལ་བུན་བསྐྱར་གཏོང་སོགས་ཀྱི་ཐབས་ལམ་ཕྱོགས་བསྡུས་ཐོག་སྤྱད་དེ། ཁྲོམ་རའི་འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་རྒྱུན་འཁྱོངས་བྱེད་པ་དང་། མ་རྩ་བསྡུ་སྒྲིལ་གྱི་དཀའ་གནད་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ཀྱི་མ་དངུལ་གྱི་གནོན་ཤུགས་ཆུང་དུ་གཏོང་བ་བཅས་བྱས་ཏེ། ལོ་ཧྲིལ་པོར་མི་དམངས་ཤོག་སྒོར་གྱི་དངུལ་བུན་མང་དུ་གཏོང་བ་དང་སྤྱི་ཚོགས་ཀྱི་མ་རྩ་བསྡུ་སྒྲིལ་མང་དུ་གཏོང་བའི་གཞི་ཁྱོན་ཚང་མ་ལོ་གོང་མ་ལས་བརྒལ་བ་བྱེད་དགོས་པ། གསུམ་ནས་ཁྲོམ་རའི་ཆོས་ཉིད་ལ་བསྟུན་ཏེ་མ་དངུལ་ཐད་ཀར་ཁེ་ལས་ལ་གཏོང་བའི་སྲིད་ཇུས་ཀྱི་ཐབས་ལམ་དང་འབྲེལ་ཡོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ། བཞི་ནས་དངུལ་རྩའི་ཞབས་ཞུའི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་ནུས་པ་དང་སྒུལ་ཤུགས་ཆེ་རུ་གཏོང་དགོས་པ་བཅས་བཏོན་ཡོད།
   ཚོགས་འདུའི་ཐོག་འདི་ལོ་ཚུན། འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་གིས་རྒྱལ་ཡོངས་ཀྱི་རིན་བསྡུའི་གཞུང་ལམ་གྱི་ཤར་གཏོང་གྲོན་དངུལ་མི་བསྡུ་བ་དང་། བཟོ་ཚོང་ལས་རིགས་ཁེ་ལས་ཀྱི་གློག་རིན་དམའ་རུ་གཏོང་བ། གློག་འཕྲིན་གྱི་འགྲོ་གྲོན་དམའ་རུ་གཏོང་བ། འབྲེལ་ཡོད་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་གྲོན་བསྡུ་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་གྲོན་དངུལ་གཅོག་པའི་བྱ་ཐབས་རབ་དང་རིམ་པ་བཏོན་ནས་ཁེ་ལས་ཀྱི་དཀའ་ངལ་སེལ་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། གོམ་སྟབས་རྗེས་མར་ལས་ཞུགས་འགན་ལེན་དང་། དམངས་འཚོ་འགན་ལེན། ཁྲོམ་རའི་བྱེད་པོ་འགན་ལེན་བཅས་ལ་དམིགས་ཏེ། གཅིག་ནས་གཏན་འཁེལ་ཟིན་པའི་འགྲོ་གྲོན་གཅོག་ཐབས་དེ་དོན་འཁྱོལ་ཐུབ་པ་དང་དམིགས་སར་འཁྱོལ་ཐུབ་པ་བྱེད་དགོས་པ་དང་། གཉིས་ནས་སྒྲིག་ལམ་དང་མི་མཐུན་པའི་གྲོན་བསྡུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ། གསུམ་ནས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱིའི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་དགོས་ལུགས་བཏོན་ཡོད། 

  
style="display:none;"