མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་
གཟབ་རྒྱས་ངང་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་10ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་9ཚེས་8ཉིན། རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་བ།

ཟླ་9ཚེས་8ཉིན། རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་བ། 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་8ཉིན་གནས་ཚུལ་འབྱོར་གསལ། ཚེས་8ཉིན་གྱི་སྔ་དྲོ། རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བྱས་རྗེས་གཟེངས་རྟགས་དང་བྱ་དགའི་གཟེངས་རྟགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྟོབས་ཤུགས། ཀྲུང་ཧྭའི་ཤེས་དཔལ་གྱི་ནང་དོན་ཟབ་མོ། ཀྲུང་གོའི་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་རང་རྟོགས་ཀྱི་འགན་འཁྲི་འཁུར་སེམས་བཅས་གང་ལེགས་མངོན་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཡིད་ཆེས་ཀྱི་བསམ་པ་དང་། སྤོབས་སེམས། གོང་བུ་འགྲིལ་ཤུགས། ལྟེ་བར་ཕྱོགས་ཤུགས་བཅས་ཆེ་རུ་ཤུགས་ཆེན་ཕྱིན་ཏེ། ང་ཚོས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དཀའ་ངལ་ཁྱད་བསད་དང་ཞུམ་མེད་མདུན་སྐྱོད་བྱེད་པར་སྐུལ་མ་ཐེབས་ངེས་ཡིན།
    ཞི་ཅིན་ཕིང་གིས། རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་ནི། ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་གྲུབ་པའི་ཁྱད་ཆོས་དང་རིག་གནས་ཀྱི་གཞི་རྒྱུ་དང་གཅིག་རྒྱུན་གཅིག་འཛིན་ཡིན་ཞིང་། འདི་ནི་རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཞིག་དང་། ཀྲུང་གོའི་སྙིང་སྟོབས་ལ་གསོན་ཉམས་དོད་པའི་གསལ་འགྲེལ་བྱས་པ་ཞིག་ཡིན་པས། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ང་ཚོས་སྤྱི་ཚོགས་ཡོངས་སུ་རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། དེ་ཉིད་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཤུགས་ཆེའི་སྟོབས་ཤུགས་ཤིག་ཏུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
    ལི་ཁེ་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་། ལི་ཀྲན་ཧྲུའུ་ཡིས་ཀྲུའུ་ཞིའི་བཀའ་རྒྱ་སྒྲོག་སྦྱངས་གནང་བ། ཝང་ཧུའུ་ཉིང་གིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ། དབང་དབྱང་དང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཕེབས་ཡོད་པ་རེད།
    ཆུ་ཚོད་8དང་སྐར་མ་35ཡི་ཐོག་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རྣམས་ལྷན་དུ་སྐུ་མགྲོན་རླངས་འཁོར་བཞུགས་ཏེ་བཞུགས་གནས་ནས་ཐོན་པ་དང་། རྒྱལ་ཁབ་ཀྱི་སྐུ་མགྲོན་སྲུང་དམག་རུ་ཁག་གི་ཕེབས་རོགས་འོག་མི་དམངས་ཚོགས་ཁང་ཆེ་མོར་ཕེབས་པ་རེད། མི་དམངས་ཚོགས་ཁང་ཆེ་མོའི་བྱང་སྒོའི་ཕྱི་རོལ་དུ་དར་དམར་མཐོན་པོར་སྒྲེང་མཁན་གུས་དམག་ལམ་གྱི་གཞོགས་གཉིས་སུ་རུ་སྟར་བསྒྲིགས་པ་དང་། ཕྲག་མདའ་འཁྱེར་མཁན་གུས་དམག་རྡོ་བཀྱག་ཐོག་བརྗིད་ཉམས་ལྡན་པའི་ངང་འགྱིང་ངེར་ལངས་པ། གཞོན་ནུ་ལོ་ཆུང་ཚོས་སྤྲོ་སེམས་འཁོལ་བའི་ངང་དགའ་འབོད་དང་གུས་འདུད་ཞུས་པ་རེད། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ས་གདན་དམར་པོ་བརྒྱུད་མི་དམངས་ཚོགས་ཁང་ཆེ་མོར་ཕེབས་པ་རེད། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ལས་དོན་ཨུ་ལྷན་གྱི་འགོ་ཁྲིད་བློ་མཐུན་གྱིས་འདི་གར་ལྷན་དུ་ཁོང་ཚོར་ཕེབས་བསུ་ཞུས་པ་རེད།
    མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་དུ་རྣམ་པ་རྔམ་བརྗིད་ལྡན་ལ་སྤྲོ་སེམས་འཁོལ་བ་ཞིག་ཡོད་ཅིང་། ཀྲུའུ་ཞི་སྡིངས་ཆའི་སྟེང་དུ“རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཟེངས་བསྟོད་ཚོགས་ཆེན”གྱི་ཚོགས་རྟགས་བཀལ་བ་དང་། རྒྱབ་ངོས་རས་ཡོལ་གྱི་དཀྱིལ་དུ་འོད་ཆེམ་ཆེམ་དུ་འཕྲོ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་བཀལ་བ་དང་གཞོགས་གཉིས་སུ་ཁྱོན་དར་དམར་10བསྒྲིགས་ཡོད། ཐོག་སོ་གཉིས་པའི་རྒྱང་གཟིགས་སྟེགས་བུར“བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས། རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་དར་སྤེལ་བཏང་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ལེན་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ་བཅས་བྱེད་དགོས”ཞེས་པའི་སྦྱར་ཡིག་བཀལ་ཡོད་པ་རེད།
    ཆུ་ཚོད་བཅུ་པ་ཏག་ཏག་ལ་ཚོགས་ཆེན་འགོ་ཚུགས་ཤིང་། བཅིངས་འགྲོལ་དམག་གི་དམག་མིའི་རོལ་ཆ་ཚོགས་པས《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་གཏོང་བྱས་པ་དང་བསྟུན། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
    རྒྱལ་གླུ་བླངས་རྗེས་ཚོགས་ར་ཡོངས་སུ་མི་རྣམས་གུས་སྟབས་ཀྱིས་ཡར་ལངས་ཏེ། ཏོག་གསར་གློ་ཚད་རིམས་ནད་ནང་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོ་དང་སྤུན་ཟླར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
    ལི་ཀྲན་ཧྲུའུ་ཡིས་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱ་སྒྲོག་སྦྱངས་གནང་བ་རེད། ཀྲུའུ་ཞིའི་བཀའ་རྒྱའི་ནང་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ནང་བྱས་རྗེས་གཟེངས་སུ་ཐོན་པ་འཇོག་མཁན་བྱས་རྗེས་དཔེ་བཟང་མི་སྣར་གཟེངས་བསྟོད་གཟབ་རྒྱས་དང་། ཁོང་ཚོའི་བློ་དཀར་སེམས་དཀར་དང་། འགན་འཁུར་ཕོད་པ། ལེགས་སྐྱེས་འབུལ་བ་བཅས་ཀྱི་བླ་ན་མེད་པའི་གཤིས་རྒྱུད་དར་སྤེལ་གཏོང་ཆེད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཅིག་པའི་གཏན་འབེབས་ལྟར། ཀྲུང་ནན་ཧྲན་ལ“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུ་དང་། ཀྲང་པོ་ལི་དང་། ཀྲང་ཏིང་ཡུས། ཁྲེན་ཝུའེ་བཅས་ལ“མི་དམངས་དཔའ་བོའི”རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
    གུས་དམག་4ཡིས་ལག་ཏུ་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་བྱ་དགའི་གཟེངས་རྟགས་འཁྱེར་ནས། རྔམ་བརྗིད་ལྡན་པའི་གོམ་སྟབས་དང་བཅས་མཛད་སྒོའི་ཚོགས་ར་དངོས་སུ་བསྐྱོད་པ་རེད།
    རྔམ་བརྗིད་ལྡན་པའི《མེས་རྒྱལ་གྱི་དཔའ་བོར་གུས་འདུད་ཞུ》ཞེས་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་རེ་རེ་བཞིན་བྱས་རྗེས་གཟེངས་རྟགས་བྱ་དགའི་གཟེངས་རྟགས་གནང་བ་མ་ཟད། ཁོང་ཚོ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། དེ་རྗེས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་4ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པར་གདན་དྲངས་པ་དང་། དེའི་སྐབས་སུ་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད།
    ཝང་ཧུའུ་ཉིང་གིས《རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་ལ་གཟེངས་བསྟོད་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་གཏན་འབེབས》དང《རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ལ་གཟེངས་བསྟོད་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》སྒྲོག་སྦྱངས་གནང་བ་རེད།
    ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་མི་སྒེར་དང་མཉམ་སྡེབ་ཀྱི་འཐུས་མིར་བྱ་དགའ་གནང་བ་རེད།
    ཚོགས་ར་ཡོངས་སུ་གྲགས་པའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འདས་ཟིན་པའི་ཟླ་བརྒྱད་ལྷག་ཙམ་རིང་། རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཧ་ལས་ཧང་སངས་དགོས་པའི་རིམས་འགོག་དམག་ཆེན་ཞིག་བརྒྱབ་ནས། དཀའ་སྤྱད་ཚད་མེད་ཀྱི་ལོ་རྒྱུས་ཀྱི་ཚོད་བགམ་ནན་པོ་ཐེག་པ་དང་། འབད་བརྩོན་ཧ་ཅང་ཆེན་པོ་བྱས་པས་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་འབྲེལ། མིའི་རིགས་ཀྱིས་ནད་རིགས་དང་འཐབ་རྩོད་བྱེད་པའི་ལོ་རྒྱུས་ཐོག་དཔའ་ངར་ཆེ་བའི་བྱ་སྤྱོད་གཞན་ཞིག་སྤེལ་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ཏེ། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་དང་། ད་ཐེངས་ཀྱི་རིམས་འགོག་འཐབ་རྩོད་ནང་ལེགས་སྐྱེས་གལ་ཆེན་འབུལ་མཁན་རྒྱ་ཆེའི་སྨན་དོན་ལས་དོན་པ་དང་། ནད་ཡམས་ཚོད་འཛིན་ལས་དོན་མི་སྣ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག ཚན་རྩལ་ལས་དོན་པ། སྡེ་ཁུལ་གྱི་ལས་དོན་པ། སྤྱི་བདེའི་མི་དམངས་ཉེན་རྟོག་པ། འཕྲལ་སྡོམ་རོགས་སྐྱོབ་མི་སྣ། གསར་འགྱུར་ལས་དོན་པ། ཁེ་ལས་དང་བྱ་གཞག་ཚན་པའི་ལས་བཟོ་བ། ལས་གྲྭའི་འཛུགས་སྐྲུན་པ། གཤམ་སྐྱོད་ལས་བྱེད་པ། དང་བླངས་པ་བཅས་དང་དེ་བཞིན་རྒྱ་ཆེའི་མི་དམངས་མང་ཚོགས། རིམ་ཁག་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པའི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། རིམས་འགོག་འཐབ་རྩོད་ནང་ཧུར་ཐག་ཞུགས་མཁན་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་ཁག་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་དང་། རོགས་སྐྱོར་ཧུར་ཐག་བྱེད་མཁན་སྤུན་ཟླ་ཤང་ཀང་བ་དང་། སྤུན་ཟླ་ཨའོ་མོན་བ། སྤུན་ཟླ་ཐའེ་དབན་བ་དང་དེ་བཞིན་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་མི་དམངས་ཀྱིས་རིམས་འགོག་བྱེད་རིང་། རྒྱལ་ཁབ་མང་པོའི་འགོ་ཁྲིད་མི་སྣ་དང་། སྲིད་གཞུང་། སྲིད་ཏང་། སྤྱི་ཚོགས་ཚོགས་པ། ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཁང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་རྩ་འཛུགས། འབྲེལ་ཡོད་ས་ཁུལ་རྩ་འཛུགས། རྒྱལ་སྤྱིའི་སྒྲིག་གཞི། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་བཅས་དང་དེ་བཞིན་རྒྱལ་སྤྱིའི་མཛའ་མཐུན་མི་སྣ་བཅས་ཀྱིས་བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་ཀྲུང་གོ་མི་དམངས་ལ་ཟོལ་མེད་ཀྱི་འཚམས་འདྲི་དང་རྩ་ཆེའི་རྒྱབ་སྐྱོར་བྱས་པས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར་ཏོག་གསར་གློ་ཚད་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་ཤུགས་ཆེན་མཆེད་བཞིན་ཡོད། རིམས་ནད་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་དཀའ་སྡུག་འཕྲད་པར་ཀྲུང་གོ་མི་དམངས་ལ་གཞན་སྡུག་རང་མྱོང་གི་བསམ་ཚུལ་བྱུང་བ་དང་། ནད་གདོན་གྱིས་ཚེ་སྲོག་འཕྲོག་པའི་མི་རྣམས་ལ་བློ་ཕམ་ཆེན་པོ་བྱེད་ཀྱི་ཡོད། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་རིམས་ནད་ལ་འགོག་རྒོལ་དང་ཚེ་སྲོག་མྱུར་སྐྱོབ་བྱེད་བཞིན་པའི་མི་རྣམས་ལ་སྙིང་དབུས་ནས་གུས་འདུད་ཞུ་རྒྱུ་དང་། སྟབས་མ་ལེགས་པར་ནད་དུག་འགོས་པ་དང་སྨན་བཅོས་དང་ལེན་བྱེད་བཞིན་པའི་མི་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུ་རྒྱུ་ཡིན།
    ཞི་ཅིན་ཕིང་གིས་བསྟན་དོན། མཚམས་འདིར། ང་ཚོས་དམིགས་སུ་བཀར་ནས་རིམས་ནད་ལ་འགོག་རྒོལ་བྱེད་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་དང་། རིམས་ནད་ནང་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་རྣམས་ལ་སེམས་གཏིང་ནས་དྲན་གསོ་དང་སྐྱོ་གདུང་ཆེན་པོས་མྱ་ངན་ཞུ་རྒྱུ་ཡིན།
    ཞི་ཅིན་ཕིང་གིས་བསྟན་དོན། ཏོག་གསར་གློ་ཚད་རིམས་ནད་ནི་ལོ་བརྒྱའི་རིང་གོ་ལ་ཧྲིལ་པོར་ཐོན་པའི་འགོ་ནད་མཆེད་ཚབས་ཆེ་ཤོས་ཤིག་དང་། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་རང་རྒྱལ་ལ་འཕྲད་པའི་མཆེད་མྱུར་ཤོས་དང་། འགོས་ཁྱབ་ཆེ་ཤོས། སྔོན་འགོག་དང་ཚོད་འཛིན་བྱེད་ཁག་ཤོས་བཅས་ཀྱི་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་ཞིག་རེད། ནད་དུག་གློ་བུར་དུ་ཐོན་པ་དང་རིམས་ནད་ཤུགས་ཆེན་མཆེད་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཉེན་ཁ་ཚབས་ཆེན་འཕྲད་ཡོད། ང་ཚོས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས། ཧ་ཅང་བརྟན་པའི་བློ་སྟོབས་དང་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་བཅངས་ནས་དུས་ཚོད་དང་འགྲན་བསྡུར་གྱིས་ནད་གདོན་དང་འཐབ་རྩོད་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་མགྱོགས་མྱུར་བརྒྱབ་སྟེ། ཟླ་གཅིག་ཙམ་གྱི་དུས་ཚོད་སྤྱད་དེ་རིམས་ནད་མཆེད་ཚུལ་བཀག་འགོག་རགས་ཙམ་བྱས་པ་དང་། ཟླ་གཉིས་ཙམ་གྱི་དུས་ཚོད་སྤྱད་དེ་ཡུལ་དེ་གའི་ཉིན་རེའི་གསར་འཕར་ནད་དཔེ་གྲངས་གནས་གཅིག་གི་ནང་ཚུན་དུ་ཚོད་འཛིན་བྱས་པ། ཟླ་གསུམ་ཙམ་གྱི་དུས་ཚོད་སྤྱད་དེ་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་དང་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་ཀྱི་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བྱས་པ་དང་འབྲེལ། བསྟུད་མར་ས་ཁུལ་ཆ་ཤས་སུ་འདུ་འཛོམས་རང་བཞིན་གྱི་རིམས་ནད་ཚར་གཅོད་དམག་འཐབ་ཐེངས་ཁ་ཤས་བརྒྱབ་པ་བརྒྱུད། རྒྱལ་ཡོངས་ཀྱི་རིམས་འགོག་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། རྨང་གཞི་དེའི་ཐོག་ང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་རྒྱུར་དམ་འཛིན་བྱས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཀྲུང་གོའི་རིམས་འགོག་འཐབ་རྩོད་ལས་ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་སྟོབས་ཤུགས། ཀྲུང་གོའི་འགན་འཁྲི་བཅས་གང་ལེགས་མཚོན་ཡོད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གློ་བུར་དུ་ཐོན་པའི་རིམས་ནད་ཚབས་ཆེན་གྱི་མདུན་དུ། ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ལ་སྤྱི་འདོམས་དང་། འཕྲལ་ཐག་ཆོད་པས་ཐབས་ཇུས་བཀོད་དེ། དམིགས་བསལ་གྱི་བྱེད་ཐབས་ལ་བརྟེན་ནས་དམིགས་བསལ་གྱི་གནད་དོན་ལ་ཁ་གཏད་བཅག་ཡོད། ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལག་བསྟར་བྱས་པ་དང་འབྲེལ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་ཐེངས་21འཚོགས་ཏེ་ཐབས་ཇུས་ལ་ཞིབ་འཇུག་དང་། ཏང་སྲིད་དམག་དམངས་སློབ་གྲྭ་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་དམག་འཐབ་ཆེན་པོར་འགོ་ཁྲིད་དང་སྒྲིག་འཛུགས་བྱས་ཏེ། ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་འདོན་བཅས་ཀྱི་སྤྱིའི་བླང་བྱ་བཏོན་པ་དང་། རིམས་ནད་མཆེད་པའི་གནས་ཚུལ་མཐའ་གཅིག་ཏུ་འགོག་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་སྤྱིའི་དམིགས་ཚད་ཁ་གསལ་བཏོན་པ། ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་དང་ཧུའུ་པེའི་སྲུང་སྐྱོབ་དམག་འཐབ་བཀོད་སྒྲིག་ཞིབ་ཚགས་བཅས་བྱས་ཏེ། དུས་དང་བསྟུན་ནས་འཐབ་ཇུས་དང་བྱེད་ཐབས་གལ་ཆེན་བཟོས་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། སྡེ་ཚན་ཁག་དང་ཚན་པ་ཁག་ཕྱོགས་ཁག་བཅས་ཀྱིས་བཀའ་ཐོས་མ་ཐག་བྱ་སྤྱོད་སྤེལ་བ་དང་། རྒྱལ་ཡོངས་ཀྱི་གྲོང་གསེབ་དང་། སྡེ་ཁུལ། ཁེ་ལས། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི། ཚན་ཞིབ་སྒྲིག་གཞི། སློབ་གྲྭ དམག་སྒར་བཅས་ཀྱིས་རང་གནས་རང་སྡོད་བྱས་ཡོད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་སུ་གཅིག་གྱུར་བཀོད་འདོམས་དང་། ཕྱོགས་ཡོངས་ནས་བཀོད་སྒྲིག ཕྱོགས་ཡོངས་ནས་སྔོན་འགོག་དང་ཚོད་འཛིན་བཅས་ཀྱི་འཐབ་ཇུས་བཀོད་ཇུས་མགྱོགས་མྱུར་ཆགས་ནས་རིམས་ནད་གཞི་ཁྱོན་ཆེན་པོས་མཆེད་རྒྱུ་བཀག་འགོག་ནུས་ལྡན་ཐུབ་པ་མ་ཟད། ནད་དུག་མཆེད་པའི་ཉེན་ཁའི་འཕེལ་རིམ་ལ་འགྱུར་ལྡོག་ནུས་ལྡན་བཏང་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད།
     ཞི་ཅིན་ཕིང་གིས་བསྟན་དོན། གློ་བུར་དུ་ཐོན་པའི་རིམས་ནད་ཚབས་ཆེན་གྱི་མདུན་དུ། ཀྲུང་གོ་མི་དམངས་ཚོས་ཕྱར་བ་གྲུ་འདེགས་དང་ཀུན་སེམས་གཅིག་སྒྲིལ་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཡོད། ང་ཚོས་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྔ་ན་མེད་པའི་ཚེ་སྲོག་སྐྱོབ་བཅོས་ཀྱི་བྱེད་ཐབས་ལག་བསྟར་བྱས་ཏེ། ཝུའུ་ཧན་མི་དམངས་དང་ཧུའུ་པེ་མི་དམངས་ཚོས་ཁྱོན་ཡོངས་ཤེས་རྟོགས་དང་སྤྱི་ཡོངས་ལ་བསྟུན་ནས་རིམས་ནད་མཆེད་རྒྱུ་འགོག་པ་དང་རྒྱལ་ཡོངས་ཀྱིས་རིམས་ནད་འགོག་རྒོལ་བྱ་ཆེད་འཐབ་ཇུས་ཀྱི་རང་འགུལ་བརྩོན་ལེན་བྱས་པ་མ་ཟད། བློས་གཏོང་ཆེན་པོ་དང་། ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད། གློ་བུར་དུ་ཐོན་པའི་རིམས་ནད་ཚབས་ཆེན་གྱི་མདུན་དུ། རྒྱ་ཆེའི་སྨན་དོན་མི་སྣ་ཚོས་རིམས་ནད་ཐོན་ཁུལ་དུ་བསྐྱོད་དེ་འཆི་སོན་ལ་མི་བལྟོས་པར་ནད་པ་སྐྱོབ་བཅོས་བྱེད་མཁན་རྒྱ་ཆེའི་སྨན་དོན་མི་སྣ་ཚོ་ནི་ཆེས་མཛེས་ཤོས་ཀྱི་ཕོ་ཉ་དང་དུས་རབས་གསར་པའི་ཆེས་གཅེས་པར་འོས་པའི་མི་ཞིག་རེད། གློ་བུར་དུ་ཐོན་པའི་རིམས་ནད་ཚབས་ཆེན་གྱི་མདུན་དུ། ང་ཚོས་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་མཐུན་སྦྱོར་ལ་སྐུལ་འདེད་བཏང་བར་བརྟེན། དཔལ་འབྱོར་འཕེལ་རྒྱས་བརྟན་པོའི་ངང་ལེགས་སུ་ཕྱིན་པ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་བརྟན་པོའི་ངང་སླར་གསོ་བྱུང་ཡོད། གློ་བུར་དུ་ཐོན་པའི་རིམས་ནད་ཚབས་ཆེན་གྱི་མདུན་དུ། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་མཉམ་ལས་དང་དུས་ངལ་མཉམ་སེལ་བྱས་ནས་གོ་ལ་ཧྲིལ་པོའི་རིམས་ནད་འགོག་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་བ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་གོ་ལ་ཧྲིལ་པོའི་མི་ཁྲི་སྟོང་མང་པོའི་ཚེ་སྲོག་སྐྱོབ་བཅོས་བྱས་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་ལྷག་བསམ་འདུན་པ་མངོན་པར་བྱས་ཡོད།
     ཞི་ཅིན་ཕིང་གིས་བསྟན་དོན། གཞོན་ནུ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་རེ་བ་ཡིན། ད་ཐེངས་ཀྱི་རིམས་ནད་འགོག་རྒོལ་འཐབ་རྩོད་ནང་གཞོན་ནུའི་མི་རབས་ཀྱི་མངོན་གསལ་དོད་པའི་མཚོན་ཚུལ་ནི་དགའ་འོས་པ་ཞིག་དང་མི་སེམས་འགུལ་བ་ཞིག་རེད། འཇིག་རྟེན་འདིའི་ཐོག་གནམ་ནས་བབས་པའི་དཔའ་བོ་ཞིག་གཏན་ནས་ཐོན་མྱོང་མེད་ལ། ཡོད་པ་ནི་དཔའ་ངར་ཆེར་སྐྱེད་ཀྱིས་ཉེན་ཁའི་མདུན་དུ་དོན་ཕོད་པའི་མི་སྣ་ཕལ་པ་ཡིན། གཞོན་ནུ་མི་རབས་ཚོས་དཀའ་སྡུག་ལ་མི་སྐྲག་པ་དང་། དཀའ་ངལ་ལ་མི་སྐྲག་པ། འཆི་རྒྱུར་མི་སྐྲག་པ་བཅས་བྱས་ཏེ་རི་ལས་ལྕི་བའི་འགན་འཁྲི་ཕྲག་ཏུ་འཁུར་བ་དེ་ཐོག་ནས་ལང་ཚོའི་དཔའ་ངར་གྱི་ཉམས་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རེ་བ་མངོན་ཡོད་པས། ང་ཚོས་མཉམ་དུ་ཁོ་ཚོར་བསྔགས་བརྗོད་བྱ་རྒྱུ་ཡིན།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ཐེངས་ཀྱི་རིམས་ནད་ཚབས་ཆེན་གྱི་སྲོག་བསྡོས་དམར་འཛིང་ནང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པའི་ཞུམ་མེད་ཀྱི་བློ་སྟོབས་ལ་བརྟེན་ནས་ཚེ་སྲོག་གོང་ན་བཀུར་བ་དང་། རྒྱལ་ཡོངས་སེམས་མཐུན། རང་སྲོག་བློས་གཏོང་བར་མི་འཛེམ་པ། ཚན་རིག་ལ་བརྩི་འཇོག ལས་དབང་གཅིག་མཐུན་བཅས་ཀྱི་རིམས་ནད་འགོག་པའི་སྙིང་སྟོབས་རླབས་པོ་ཆེ་བཏོད་ཡོད། ཚེ་སྲོག་གོང་ན་བཀུར་བ་ལས། ཀྲུང་གོ་མི་དམངས་ཀྱི་བྱམས་བརྩེའི་སྲོལ་རྒྱུན་ཟབ་མོ་དང་ཀྲུང་གོ་གུང་ཁྲན་ཏང་མིས་མི་དམངས་ལྟེ་བར་འཛིན་པའི་རིན་ཐང་དོན་གཉེར་གཅིག་སྡུད་ཐོག་མངོན་ཡོད། རྒྱལ་ཡོངས་སེམས་མཐུན་ལས། ཀྲུང་གོ་མི་དམངས་ཀྱི་ཀུན་སེམས་གཅིག་སྒྲིལ་དང་སྐྱིད་སྡུག་མཉམ་མྱོང་གི་མཐུན་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་ཐོག་མངོན་ཡོད། རང་སྲོག་བློས་གཏོང་བར་མི་འཛེམ་པ་ལས། ཀྲུང་གོ་མི་དམངས་ཀྱི་དཀའ་ངལ་ལས་རྣམ་པར་རྒྱལ་ཕོད་པ་དང་དཀའ་ངལ་གང་རུང་གིས་གཉའ་གནོན་མི་ཐུབ་པའི་ཞུམ་མེད་ཀྱི་བློ་སྟོབས་གཅིག་སྡུད་ཐོག་མངོན་ཡོད། ཚན་རིག་ལ་བརྩི་འཇོག་བྱེད་པ་ལས། ཀྲུང་གོ་མི་དམངས་ཀྱི་དམ་པ་དོན་གཉེར་དང་གསར་འབྱེད་གསར་གཏོད་ཀྱི་ལག་ལེན་གྱི་གཤིས་རྒྱུད་གཅིག་སྡུད་ཐོག་མངོན་ཡོད། ལས་དབང་གཅིག་མཐུན་ལས། ཀྲུང་གོ་མི་དམངས་ཀྱི་ཕྱར་བ་གྲུ་འདེགས་དང་ཞི་བདེར་དགའ་བའི་དྲང་བདེན་གྱི་འགན་འཁྲི་གཅིག་སྡུད་ཐོག་མངོན་ཡོད།
     ཞི་ཅིན་ཕིང་གིས་བསྟན་དོན། ད་ཐེངས་ཀྱི་ཟིལ་རླབས་དགུང་འཕྱུར་གྱི་རིམས་ནད་འགོག་རྒོལ་གྱི་འཐབ་རྩོད་ནང་། ང་ཚོས་ཉམས་མྱོང་གལ་ཆེན་བསགས་ཡོད་ལ། བློ་སྒོ་ཡང་གཏིང་ཟབ་ཕྱེ་ཡོད། རིམས་ནད་འགོག་རྒོལ་འཐབ་རྩོད་ཀྱི་རླབས་ཆེན་ལག་ལེན་ལས། ཀྲུང་གོ་གུང་ཁྲན་ཏང་ལ་ལྡན་པའི་སྟོབས་དང་ལྡན་པའི་འགོ་ཁྲིད་ཀྱི་ནུས་པ་ནི་དཀའ་ངལ་འཕྲད་སྐབས་ཀྲུང་གོ་མི་དམངས་ཀྱི་བློས་འགེལ་ཤོས་ཀྱི་སྲོག་ཤིང་ཞིག་ཡིན་པ་དང་། ཀྲུང་གོའི་མི་དམངས་ལ་ལྡན་པའི་དཔའ་ངར་ཞུམ་མེད་ཀྱི་བློ་སྟོབས་ནི་མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་དཀའ་ངལ་དང་འགོག་རྐྱེན་མཐའ་དག་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཀྱི་འབྱུང་རྩ་ཞིག་ཡིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་ལྡན་པའི་མངོན་གསལ་དོད་པའི་ལེགས་ཆ་ནི། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བའི་རྩ་བའི་འགན་ལེན་ཞིག་ཡིན་པ། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་བསགས་པའི་སྲ་ཞིང་བརྟན་པའི་རྒྱལ་སྟོབས་ནི་འགྱུར་ལྡོག་སྣ་ཚོགས་ལ་ཁ་གཏད་གཅོག་པའི་གཏིང་ཤུགས་ཟབ་མོ་ཞིག་ཡིན་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་ལྡན་པའི་བསམ་པའི་སྒུལ་ཤུགས་ཆེན་པོ་ནི། མི་སེམས་གཅིག་སྒྲིལ་དང་དམངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་ཞིག་ཡིན་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་ལྡན་པའི་རྒྱ་ཁྱབ་ཀྱི་འབོད་སྐུལ་ནུས་པ་ནི། མིའི་རིགས་ཀྱིས་ཐུན་མོང་ཐོག་འགྲན་སློང་ལ་ཁ་གཏད་གཅོག་པ་དང་དེ་བས་གྲ་རྒྱས་དང་མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་པའི་མི་ཡུལ་གྱི་འགྲོ་ལམ་ཡང་དག་ཞིག་ཡིན་པ་བཅས་སླར་ཡང་ར་སྤྲོད་བྱས་ཡོད།
    ཞི་ཅིན་ཕིང་གིས་དེང་སྐབས་དང་འཛམ་གླིང་ཐོག་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་བྱུང་བཞིན་ཡོད་ལ། རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཡང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བ་ཞིག་ཡོད། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་ང་ཚོས་ངེས་པར་དུ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཕྱོགས་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་རྒྱུར་ཤུགས་རྒྱག་པ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་སྤྱི་འདོམས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ཡག་པོ་བསྒྲུབ་པ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས། ང་ཚོས་ཐེ་ཚོམ་སྤུ་ཙམ་མེད་པའི་སྒོ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱས་ཏེ་རིམས་ནད་འགོག་རྒོལ་གྱི་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཧུར་ཐག་ལེན་དགོས། ང་ཚོས“བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས། ང་ཚོས་བཅོས་སྐྱོང་མ་ལག་གི་ཞན་ཆ་གང་མགྱོགས་བསལ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱ་ཆེད་ལམ་ལུགས་ཀྱི་འགན་ལེན་བརྟན་དུ་གཏོང་དགོས། ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་ཉིན་བཞིན་ཛ་དྲག་ཏུ་འགྲོ་བའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་དགོས། ང་ཚོས་མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་དང་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་མདུན་སྐྱོད་འགྲོ་ལམ་ཐོག་གི་ཉེན་ཁ་སྣ་ཚོགས་ནུས་ལྡན་ངང་འགོག་ཟོན་དང་སེལ་དགོས་པ་མ་ཟད། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ་དང་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་བྱས་ཏེ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་ཀྱི་རྒྱལ་ཁ་གསར་པ་ཟམ་མི་ཆད་པར་ལེན་དགོས།
    མཇུག་ཏུ་ཞི་ཅིན་ཕིང་གིས“གནམ་འོག་བདེ་ཐང་གི་ཆེད་དུ། ང་ཚོས་འབད་བརྩོན་ལྷོད་མེད་བྱེད་དགོས”མི་རིགས་ཤིག་རླབས་ཆེན་ལྡན་པའི་རྩ་བ་དེ། དཀའ་ངལ་དང་ཉེན་ཁ་གང་ཞིག་འཕྲད་ཀྱང་མི་འདོར་བ་དང་། ཕྱིར་བཤོལ་མི་བྱེད་པ། གོམ་པ་སྤོ་མཚམས་མི་འཇོག་པ་བཅས་བྱས་ཏེ། ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པར་རང་ཉིད་ཀྱི་མདུན་ལམ་དང་ལས་དབང་གི་ཆེད་དུ་འབད་འཐབ་བྱེད་པ་དེ་ཡིན། ལོ་ངོ་5000ལྷག་ཙམ་གྱི་ཤེས་དཔལ་འཕེལ་རྒྱས་ཀྱི་དཀའ་སྡུག་དང་འོད་སྟོང་བརྒྱུད་པའི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་དུས་རབས་གསར་པའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུའི་ཐོག་མདུན་དུ་སྐྱོད་ཐུབ་ངེས་ཡིན་ལ། མི་སུ་ཞིག་དང་སྟོབས་ཤུགས་གང་རུང་ཞིག་གིས་ཀྱང་ཀྲུང་གོ་མི་དམངས་ཀྱིས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་མངོན་འགྱུར་བྱེད་པའི་མདུན་སྐྱོད་ཀྱི་གོམ་སྟབས་འགོག་མི་ཐུབ་ཅེས་ནན་བཤད་གནང་བ་རེད།
    ཚོགས་འདུའི་ཐོག“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཀྲུང་ནན་ཧྲན་དང་། ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཁྲོད་ཀྱི་རྒྱལ་ཡོངས་ཀྱི་སྔོན་ཐོན་མི་སྒེར་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། པེ་ཅིང་ཞེ་ཧོ་སྨན་ཁང་འགོ་ནད་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་ལིའུ་ཀྲེང་དབྱིན། ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཁྲོད་ཀྱི་རྒྱལ་ཡོངས་ཀྱི་སྔོན་ཐོན་མཉམ་སྡེབ་དང་། རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐུས་མི། ཝུའུ་ཧན་གྲོང་ཁྱེར་ཆིང་ཧོ་ཅུས་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཀུའེ་ཞའོ་མེ་བཅས་ཀྱིས་གཏམ་བཤད་གནང་བ་རེད།
   ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བྱས་རྗེས་གཟེངས་རྟགས་དང་བྱ་དགའི་གཟེངས་རྟགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ། ལི་ཁེ་ཆང་གིས་གཙོ་སྐྱོང་གནང་བ་དང་། ལི་ཀྲན་ཧྲུའུ་ཡིས་ཀྲུའུ་ཞིའི་བཀའ་རྒྱ་སྒྲོག་སྦྱངས་གནང་བ། ཝང་ཧུའུ་ཉིང་གིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ། དབང་དབྱང་དང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཕེབས་པ།
    ཚོགས་འདུ་མ་འཚོག་གོང་། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་། ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཁྲོད་ཀྱི་རྒྱལ་ཡོངས་ཀྱི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་ཀྱི་འཐུས་མི་སོགས་ལ་མཇལ་འཕྲད་གནང་བ་དང་འབྲེལ། ཚང་མ་དང་མཉམ་དུ་ལྷན་བཞུགས་སྐུ་པར་བསྒྲོན་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་དང་དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་ཚོགས་ཆེན་ལ་ཕེབས་ཡོད་པ་རེད།
    ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་། ཀྲུང་དབྱང་གི་ཏང་སྲིད་དམག་དམངས་བཅས་ཀྱི་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་དང་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཤོག་གང་ལའང་མ་གཏོགས་པའི་འཐུས་མི། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ནང་མིའི་འཐུས་མི་དང་གནས་སའི་ཚན་པའི་འཐུས་མི། ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ནང་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོའི་ནང་མིའི་འཐུས་མི། སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བ་དང་། སྤུན་ཟླ་ཐའེ་དབན་བ། ཕྱིར་སྡོད་རང་མི་དང་མེས་རྒྱལ་དུ་ལོག་པའི་ཕྱིར་སྡོད་སྤུན་ཟླ། ཕྱིར་སྡོད་རང་མིའི་ནང་མི་བཅས་ཀྱི་འཐུས་མི། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་དང་། ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། དེ་བཞིན་རང་རྒྱལ་གྱི་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ལ་ལེགས་སྐྱེས་ཕུལ་མཁན་རྒྱལ་སྤྱིའི་མཛའ་གྲོགས་མི་སྣའི་འཐུས་མི་སོགས་མི་3000ཙམ་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།

ཟླ་9ཚེས་8ཉིན། རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཀྲུང་ནན་ཧྲན(མདུན་གྲལ་གྱི་གཡས་ཀྱི་གཉིས་པ)དང་། “མི་དམངས་ཀྱི་དཔའ་བོའི”རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཀྲང་པོ་ལི(མདུན་གྲལ་གྱི་གཡོན་གྱི་གཉིས་པ) ཀྲང་ཏིང་ཡུས(མདུན་གྲལ་གྱི་གཡས་ཀྱི་དང་པོ) ཁྲེན་ཝུའེ(མདུན་གྲལ་གྱི་གཡོན་གྱི་དང་པོ)བཅས་ལ་བྱས་རྗེས་གཟེངས་རྟགས་དང་བྱ་དགའི་གཟེངས་རྟགས་གནང་བ།
ཟླ་9ཚེས་8ཉིན། རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཀྲུང་ནན་ཧྲན(མདུན་གྲལ་གྱི་གཡས་ཀྱི་གཉིས་པ)དང་། “མི་དམངས་ཀྱི་དཔའ་བོའི”རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཀྲང་པོ་ལི(མདུན་གྲལ་གྱི་གཡོན་གྱི་གཉིས་པ) ཀྲང་ཏིང་ཡུས(མདུན་གྲལ་གྱི་གཡས་ཀྱི་དང་པོ) ཁྲེན་ཝུའེ(མདུན་གྲལ་གྱི་གཡོན་གྱི་དང་པོ)བཅས་ལ་བྱས་རྗེས་གཟེངས་རྟགས་དང་བྱ་དགའི་གཟེངས་རྟགས་གནང་བ། 

  
style="display:none;"