མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་དང་སུའེ་ཙེར་དང་། ཀྲུང་གོ་དང་ལེགས་ཐན་སི་ཐེན་དབར་ཕྱི་འབྲེལ་བཙུགས་
ནས་ལོ་བདུན་ཅུ་འཁོར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་16ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཀྲུང་གོ་དང་སུའེ་ཙེར་དང་། ཀྲུང་གོ་དང་ལེགས་ཐན་སི་ཐེན་དབར་ཕྱི་འབྲེལ་བཙུགས་ནས་ལོ་བདུན་ཅུ་འཁོར་བར།ཞི་ཅིན་ཕིང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་སོ་མཱ་ལུའུ་ཅ་དང་ལེགས་ཐན་སི་ཐེན་གྱི་སྲིད་སྐྱོང་རྒྱལ་རྒྱུད་འཛིན་མཁན་ཨ་ལོ་དབྱི་སི་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་སོ་མ་ལུའུ་ཅ་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་ནས། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུས་པ་རེད།
    རྟེན་འབྲེལ་གློག་འཕྲིན་ནང་། ཞི་ཅིན་ཕིང་གིས་སུའེ་ཙེར་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་སྔ་ཤོས་ཀྱི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་70སོང་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་ནས། ཕྱོགས་གཉིས་པོས་མཉམ་དུ“འདྲ་མཉམ་དང་། གསར་གཏོད། གཉིས་ཕན”བཅས་ཀྱི་ཀྲུང་གོ་དང་སུའེ་ཙེར་གྱི་མཉམ་ལས་སྙིང་སྟོབས་སྐྱེད་སྲིང་བྱས་པ་དེ། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་། འཕེལ་རྒྱས་ཀྱི་དུས་མཚམས་མི་འདྲ་བ། རྒྱལ་ཁབ་ཆེ་ཆུང་མི་འདྲ་བ་བཅས་ཀྱི་མཛའ་གྲོགས་མཉམ་ལས་ཀྱི་མིག་དཔེར་གྱུར་ཡོད། ཐུན་མོང་ཐོག་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་བརྒྱུད་རིམ་ནང་། ཕྱོགས་གཉིས་པོས་ཕན་ཚུན་རོགས་རམ་བྱས་པ་བརྒྱུད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་ཕྱིན་ཡོད། ངས་ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་སོ་མཱ་ལུའུ་ཅ་དང་ལྷན་དུ་འབད་བརྩོན་གྱིས། རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་བདུན་ཅུ་འཁོར་བ་གོ་སྐབས་སུ་བཟུང་སྟེ། ཀྲུང་གོ་དང་སུའེ་ཙེར་གྱི་གསར་གཏོད་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན། ཀྲུང་གོ་དང་སུའེ་ཙེར་དབར་གྱི་མཛའ་གྲོགས་འབྲེལ་བ་མི་ཉམས་ཡུན་གནས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
    རྟེན་འབྲེལ་གློག་འཕྲིན་ནང་། སོ་མཱ་ལུའུ་ཅ་ཡིས་སུའེ་ཙེར་དང་ཀྲུང་གོའི་དབར་གྱི་འགྲོ་འོང་ལོ་རྒྱུས་ཡུན་རིང་ལྡན་ཡོད། ལོ་70ཡི་རིང་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་སྒོ་དབྱེ་དང་ཕན་ཚུན་བརྩི་འཇོག་གི་རྩ་དོན་མཐའ་འཁྱོངས་ཀྱིས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བཏང་ཡོད། རྒྱལ་ཁབ་གཉིས་དབར་ཡུན་རིང་དམ་ཟབ་དང་མཛའ་གྲོགས་འབྲེལ་བ་ཡོད་པའི་རྐྱེན་གྱིས། ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་སུའེ་ཙེར་དང་ཀྲུང་གོ་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་མཉམ་དུ་དཀའ་གནད་ལས་སྒྲོལ་ཐུབ་པ་བྱུང་ཡོད། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་རྒྱལ་ཁབ་གཉིས་པོས་ཕྱོགས་གཉིས་པོའི་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་བ་དང་ཕན་ཚུན་བསམ་ཤེས་བྱེད་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལེགས་ཐན་སི་ཐེན་གྱི་སྲིད་སྐྱོང་རྒྱལ་རྒྱུད་འཛིན་མཁན་ཨ་ལོ་དབྱི་སི་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་ནས། རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུས་པ་རེད།
    རྟེན་འབྲེལ་གློག་འཕྲིན་ནང་། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལེགས་ཐན་སི་ཐེན་དབར་ས་ཐག་རིང་པོ་ཆོད་ཅིང་། ལོ་རྒྱུས་རིག་གནས་དང་། འཕེལ་རྒྱས་ཀྱི་ཆུ་ཚད། རྒྱལ་ཁབ་ཆེ་ཆུང་བཅས་འདྲ་གི་མེད། འོན་ཀྱང་བར་ཐག་དང་ཁྱད་པར་གྱིས་ཕན་ཚུན་མཛའ་མཐུན་སྤེལ་རེས་དང་མཉམ་ལས་བྱེད་པར་འགོག་རྐྱེན་བཟོས་མེད། ཕྱི་འབྲེལ་བཙུགས་ནས་ལོ་70སོང་རིང་། ཀྲུང་གོ་དང་ལེགས་ཐན་སི་ཐན་གྱི་མཛའ་གྲོགས་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོ་དང་ལེགས་ཐན་སི་ཐེན་དབར་གྱི་འབྲེལ་བའི་ལག་ལེན་གྱིས་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན་པའི་རྒྱལ་སྤྱིའི་འབྲེལ་བའི་འདུ་ཤེས་གལ་ཆེན་འདིར་གསལ་འགྲེལ་ཡག་པོ་བྱས་ཡོད། ངས་ཀྲུང་གོ་དང་ལེགས་ཐན་སི་ཐེན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། སྲིད་སྐྱོང་རྒྱལ་རྒྱུད་འཛིན་མཁན་ཨ་ལོ་དབྱི་སི་དང་མཉམ་དུ་འབད་བརྩོན་གྱིས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བ་འགོ་འཛུགས་ས་གསར་པར་བརྩིས་ནས་ཀྲུང་གོ་དང་ལེགས་ཐན་སི་ཐན་གྱི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བར་མཉམ་དུ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད། ཀྲུང་གོ་དང་ལེགས་ཐན་སི་ཐེན་གྱི་མཛའ་གྲོགས་འབྲེལ་བ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
     རྟེན་འབྲེལ་གློག་འཕྲིན་ནང་། ཨ་ལོ་དབྱི་སིས། ལོ་70ཡི་རིང་། ལེགས་ཐན་སི་ཐེན་དང་ཀྲུང་གོའི་འབྲེལ་བ་རྒྱུན་མཐུད་ངང་མདུན་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས་ཕྱོགས་གཉིས་པོས་ཁྱབ་ཁོངས་མང་པོར་མཉམ་ལས་ཡག་པོ་བྱས་པ་དང་ཆབས་ཅིག་ཕན་ཚུན་རྒྱབ་སྐྱོར་ཡང་བྱས་ཡོད། ལེགས་ཐན་སི་ཐེན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་ཕྱིན་པ་དེ་ཐོག་ནས། རྒྱལ་ཁབ་གཉིས་པོའི་དབར་གྱི་མཛའ་གྲོགས་འབྲེལ་བ་མཚོན་གྱི་ཡོད། འདི་ནི་མིག་སྔར་འགྲན་སློང་གིས་ཁེངས་པའི་དུས་རབས་ཀྱི་རྒྱབ་ལྗོངས་འོག་དེ་བས་རྩ་ཆེན་ཞིག་ཡིན་ཞེས་གསུངས་པ་རེད།

  
style="display:none;"