མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་བཞི་པའི་ཐོག་ནན་
བཤད་གནང་དོན། ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་
ངོས་འཛིན་གཏིང་ཟབ་བྱས་ཏེ་ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ཀྱི་འཐབ་ཇུས་ཇུས་འགོད་དང་
མ་ལག་བཀོད་ཇུས་ལ་ཤུགས་སྣོན་རྒྱག་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་19ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ■ དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ཚན་རྩལ་གསར་གཏོད་ནི་དེའི་ནང་གི་འགག་རྩའི་འགྱུར་གནས་ཤིག་ཡིན། ང་ཚོས་ཉམས་ཉེན་ཁྲོད་གོ་སྐབས་སྐྲུན་པ་དང་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་གཏོད་དེ་ངེས་པར་དུ་ཚན་རྩལ་གསར་གཏོད་ནས་དྲིས་ལན་ཐོབ་པ་བྱེད་དགོས། ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་གི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཚད་རྡུལ་ཚན་རྩལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཇུས་འགོད་དང་མ་ལག་བཀོད་ཇུས་ལ་ཤུགས་སྣོན་བརྒྱབ་སྟེ་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱས་ནས་སྔོན་ལ་ལས་དོན་ཡག་པོ་བསྒྲུབ་དགོས།
    ■ རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཚན་རྩལ་གསར་གཏོད་དང་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཤེས་བྱ་གསར་པ་སྦྱོང་བ་དང། འགུལ་རྣམ་གསར་པ་ཁོང་དུ་ཆུད་པ། ཚན་རྩལ་གྱི་ལས་འགན་གལ་ཆེན་བཀོད་ཇུས་འཆར་འགོད་ཡག་པོ་བྱེད་པ། ཚན་རྩལ་ཐོན་ཁུངས་བགོ་སྒྲིག་ལེགས་གཏོང་བཅས་བྱས་ཏེ་བྱེད་ཐབས་ནུས་ལྡན་སྤྱད་ནས་ཚན་རྩལ་གསར་གཏོད་འཕེལ་རྒྱས་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དམིགས་སར་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོབ་པའི་འགན་ལེན་བྱེད་དགོས།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་16ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚད་རྡུལ་ཚན་རྩལ་ཞིབ་འཇུག་དང་བཀོལ་སྤྱོད་མདུནལམ་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་བཞི་པ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད། ཚན་རྩལ་གསར་གཏོད་ནི་དེའི་ནང་གི་འགག་རྩའི་འགྱུར་གནས་ཤིག་ཡིན། ང་ཚོས་ཉམས་ཉེན་ཁྲོད་གོ་སྐབས་སྐྲུན་པ་དང་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་བཏོད་དེ་ངེས་པར་དུ་ཚན་རྩལ་གསར་གཏོད་ནས་དྲིས་ལན་ཐོབ་པ་བྱེད་དགོས། ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཚད་རྡུལ་ཚན་རྩལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཇུས་འགོད་དང་མ་ལག་བཀོད་ཇུས་ལ་ཤུགས་སྣོན་བརྒྱབ་སྟེ་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱས་ནས་སྔོན་ལ་ལས་དོན་ཡག་པོ་བསྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།
    ཆིང་ཧྭ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་དང་ཀྲུང་གོ་ཚན་རིག་ཁང་གི་ཡོའན་ཧྲི་ཤུའེ་ཆི་ཁུན་གྱིས་གནད་དོན་དེའི་ཐད་འགྲེལ་བཤད་བརྒྱབ་པ་དང་འབྲེལ་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད།
    ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་ཚད་རྡུལ་ཚན་རྩལ་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་ནས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་མདུན་གྲལ་ཁྱབ་ཁོངས་སུ་སླེབས་ཡོད། ཚད་རྡུལ་ཚན་རྩལ་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་བྱེད་པར་ཧ་ཅང་གལ་འགངས་ཆེ་བའི་ནུས་པ་ལྡན་ཡོད། ད་ཐེངས་གཅིག་སྡུད་སློབ་སྦྱོང་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི། འཛམ་གླིང་གི་ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ཀྱི་དུས་བབ་ཤེས་རྟོགས་དང་རང་རྒྱལ་གྱི་ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ཀྱི་དུས་བབ་ལ་དབྱེ་ཞིབ་བྱས་ནས་རང་རྒྱལ་གྱི་ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་དེ་རེད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཚད་རྡུལ་ཤུགས་རིག་ནི་མིའི་རིགས་ཀྱིས་ཕྲ་མཐོང་འཇིག་རྟེན་ལ་འཚོལ་ཞིབ་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་རེད། ཚད་རྡུལ་ཚན་རྩལ་འཕེལ་རྒྱས་གཏོང་བར་ཚན་རིག་གི་དོན་སྙིང་དང་འཐབ་ཇུས་ཀྱི་རིན་ཐང་གལ་ཆེན་ལྡན་ཡོད། འདི་ནི་སྲོལ་རྒྱུན་ལག་རྩལ་མ་ལག་ལ་ཤུགས་རྐྱེན་ཐེབས་པ་དང་བསྐྱར་སྒྲིག་བྱེད་པའི་རྩ་སློག་རང་བཞིན་གྱི་ལག་རྩལ་གསར་གཏོད་གལ་ཆེན་ཞིག་ཡིན་པས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ཁ་ཕྱོགས་ལ་སྣེ་ཁྲིད་ཐུབ་རྒྱུ་རེད། རང་རྒྱལ་གྱི་ཚན་རྩལ་ལས་དོན་པ་ཚོས་ཚད་རྡུལ་ཚན་རྩལ་ཐད་འབད་འབུངས་རྗེས་སྙེགས་བྱས་པར་བརྟེན། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ལྡན་པའི་གསར་གཏོད་གྲུབ་འབྲས་གལ་ཆེན་ཁག་ཅིག་ཐོབ་ཡོད། སྤྱི་ཡོངས་ནས་བལྟས་ན། རང་རྒྱལ་ལ་ཚད་རྡུལ་ཚན་རྩལ་ཁྱབ་ཁོངས་ཀྱི་ཚན་རྩལ་དངོས་ཤུགས་དང་གསར་གཏོད་ཀྱི་འཇོན་ཐང་འཛོམས་ཡོད། འོན་ཀྱང་དེ་དང་ཆབས་ཅིག་རང་རྒྱལ་གྱི་ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ཐད་ཞན་ཆ་མི་ཉུང་བ་ཞིག་ཡོད་པ་དང་འཕེལ་རྒྱས་ཐད་འགྲན་སློང་མང་པོ་འཕྲད་པའང་མཐོང་བ་བྱེད་དགོས། དེར་བརྟེན་ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་རང་རྟེན་གསར་གཏོད་ཀྱི་བགྲོད་ལམ་ཐོག་བསྐྱོད་དེ། ཡིད་ཆེས་བརྟན་པོ་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ་དང་། འགག་རྩ་དང་ལྟེ་བའི་ལག་རྩལ་ཚད་བརྒལ་ཡོང་བ་བྱེད་པ། འགག་རྩའི་ཁྱབ་ཁོངས་སུ་རང་རྟེན་ཚོད་འཛིན་ཐུབ་པ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བདེ་འཇགས་འགན་ལེན་བཅས་བྱས་ནས་རྒྱལ་སྤྱིའི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་རང་རྒྱལ་གྱི་ཚན་རྩལ་ནུས་པ་ཆེ་རུ་གཏོང་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། རང་རྒྱལ་གྱི་ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱེད་པ་དང་འབྲེལ། ཕྱི་རྒྱལ་གྱི་བྱེད་ཐབས་བཟང་པོ་དཔྱད་གཞིར་འཛིན་པ་དང་། ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ཀྱི་དུས་བབ་ཆེན་པོར་དབྱེ་ཞིབ་དང་བརྡར་ཤ་གཏིང་ཟབ་གཅོད་པ། རང་རྒྱལ་གྱི་ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ཀྱི་འཇུག་སྒོ་དང་འགག་གནད་འཚོལ་བ། རྨང་གཞིའི་ཞིབ་འཇུག་དང་། ལག་རྩལ་གསར་ཤོས། ལས་གྲྭའི་ལག་རྩལ་ཞིབ་སྤེལ་བཅས་སྤྱི་འདོམས་བྱེད་པ། ཚད་རྡུལ་འཕྲིན་གཏོང་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་བྱེད་པ། ཚད་རྡུལ་ཚན་རྩལ་གྱི་རྒྱལ་སྤྱིའི་འགྲན་རྩོད་ཀྱི་མཐོ་ས་བརྩོན་ལེན་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་བསྐྲུན་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྩེ་རིམ་ཇུས་འགོད་དང་མིག་རྒྱང་རིང་བའི་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་དགོས། འཐབ་ཇུས་ཀྱི་བརྡར་གཅོད་ལ་ཤུགས་སྣོན་དང་། གསར་གཏོད་ཀྱི་གདེང་ཚོད་མཐའ་འཁྱོངས་ཀྱིས་མཁྲེགས་སར་གཏུག་ཕོད་པ་བྱས་ཏེ་དུས་འཁོར་རིང་བའི་རྣམ་གྲངས་གལ་ཆེན་སྒྲིག་འཛུགས་དང་ལག་བསྟར་བྱེད་པའི་ཁྲོད་རྩེ་རིམ་ཇུས་འགོད་དང་མིག་རྒྱང་རིང་བའི་བཀོད་ཇུས་ལ་ཤུགས་སྣོན་རྒྱག་པ་དང་། རིག་གཞུང་ཚན་ཁག་མང་པོ་ཟུང་འབྲེལ་དང་ལག་རྩལ་མང་པོའི་ཁྱབ་ཁོངས་ཀྱི་འདུས་གྲུབ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ་རང་རྒྱལ་གྱི་ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ཀྱི་མ་ལག་ཅན་གྱི་ནུས་པ་ཆགས་པར་བྱེད་དགོས།
    ཞི་ཅིན་ཕིང་གིས་བསྟན་དོན། སྲིད་ཇུས་ཀྱི་རྒྱབ་སྐྱོར་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་ཁོར་ཡུག་བཟང་པོ་གང་མགྱོགས་བསྐྲུན་ནས་དེ་བས་ནུས་ལྡན་གྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཆགས་པར་བྱེད་དགོས། ཚད་རྡུལ་ཚན་རྩལ་ཁྱབ་ཁོངས་ཀྱི་མ་དངུལ་གཏོང་སྒོ་འགན་ལེན་བྱེད་པ་དང་ཆབས་ཅིག ས་གནས་དང་། ཁེ་ལས། སྤྱི་ཚོགས་བཅས་ཀྱིས་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས། ཚན་ཞིབ་སྒྲིག་གཞི་དང་མཐོ་སློབ་ཀྱིས་ཚད་རྡུལ་ཚན་རྩལ་གྱི་རྨང་གཞིའི་ཞིབ་འཇུག་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་གཅིག་འདོམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཚན་ཞིབ་དོ་དམ་དང་རྩ་འཛུགས་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྨང་གཞིའི་ཞིབ་འཇུག་གི་ཚད་བརྒལ་དང་འགག་རྩ་དང་ལྟེ་བའི་ལག་རྩལ་མགྱོགས་མྱུར་འགག་སྒྲོལ་བྱེད་དགོས། ཚད་རྡུལ་ཚན་རྩལ་འཕེལ་རྒྱས་དེ་རྨང་གཞིའི་རིག་པ་ཞིབ་འཇུག་གི་ཚད་བརྒལ་ལ་བརྟེན་དགོས་པ་དང་། རྩ་སློག་རང་བཞིན་གྱི་ལག་རྩལ་གྲུབ་པ་བྱ་རྒྱུ་དེ་ནི་གྲབས་ཚགས་ཚུད་དང་གཏོང་གནད་འཁེལ་གྱི་བརྒྱུད་རིམ་ཞིག་ཡིན། ཚད་རྡུལ་ཚན་རྩལ་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ་དང་། རྟེན་གཞི། རྣམ་གྲངས་བཅས་སྤྱི་འདོམས་དང་རྒྱུ་རྐྱེན་གཙོ་བོ་ཚང་མ་གཞི་གཅིག་ཅན་གྱི་བགོ་སྒྲིག་བྱས་ནས་ཚད་རྡུལ་ཚན་རྩལ་གྱི་རྣམ་གྲངས་གལ་ཆེན་ལག་བསྟར་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། འགག་རྩ་དང་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དཀའ་ངལ་དང་ཉེན་ཁར་མི་སྐྲག་པ་དང་ཚན་རིག་གི་ཡང་རྩེར་འཛེགས་ཕོད་པ་བྱས་ནས་ཚད་རྡུལ་ཚན་རྩལ་ཁྱབ་ཁོངས་ལ་ཆུ་ཚད་མཐོ་བའི་གསར་གཏོད་གྲུབ་འབྲས་ཁག་གཅིག་སླར་ཡང་ཐོབ་པར་བྱེད་དགོས།
    ཞི་ཅིན་ཕིང་གིས་བསྟན་དོན། ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་བྱེད་དགོས། གསར་སྤེལ་གསར་གཏོད་དང་རྩ་སློག་རང་བཞིན་གྱི་ལག་རྩལ་གལ་ཆེན་གསར་གཏོད་བྱ་རྒྱུའི་འགག་རྩ་དེ་ཤེས་ལྡན་མི་སྣར་ཐུག་ཡོད། ཚད་རྡུལ་ཚན་རྩལ་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་མགྱོགས་སུ་གཏོང་བ་དང་། ཚད་རྡུལ་ཚན་རྩལ་ཁྱབ་ཁོངས་ཀྱི་རྩེར་སོན་ཤེས་ལྡན་མི་སྣ་ཁག་གཅིག་མགྱོགས་མྱུར་གསོ་སྐྱོང་བྱེད་པ། ཚད་རྡུལ་ཚན་རྩལ་འཕེལ་རྒྱས་གཏོང་བར་འཚམ་པའི་ཆེད་དམིགས་གསོ་སྐྱོང་འཆར་གཞི་བཟོ་བ་བཅས་བྱས་ཏེ། མ་ལག་ཅན་དང་རིམ་པ་མཐོ་བའི་ཚད་རྡུལ་ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལས་སྟེགས་བསྐྲུན་དགོས། ཚད་རྡུལ་ཚན་རྩལ་གསར་ཤོས་ལ་དམིགས་ཏེ་འབྲེལ་ཡོད་རིག་ཚན་དང་སློབ་ཚན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་ཚན་རྩལ་གྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་སྤྱི་འདོམས་མཐུན་སྦྱོར་ལ་མཁས་པའི་འཛམ་གླིང་རིམ་པའི་ཚན་རིག་པ་དང་སྣེ་ཁྲིད་ཤེས་ལྡན་མི་སྣ་ཁག་གཅིག་སྐྱེད་སྲིང་དང་གསར་གཏོད་ཀྱི་བསམ་བློ་ལྡན་པ་དང“མི་མེད་ལུང་སྟོང”ཁུལ་དུ་སྐྱོད་ཕོད་མཁན་གྱི་ན་གཞོན་འཇོན་ཐང་ཅན་དང་ཤེས་ལྡན་མི་སྣ་རྩེ་གྲ་ཁག་གཅིག་ཤེས་རྟོགས་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐོན་སློབ་ཞིབ་གསུམ་གྱི་མཐུན་སྦྱོར་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ཚད་རྡུལ་ཚན་རྩལ་གྱི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་གྲུབ་འབྲས་དེ་དངོས་སྤྱོད་ཅན་དང་འདུ་འགོད་ཅན་དུ་འགྱུར་བའི་མྱུར་ཚད་དང་ལས་ཕྱོད་ཆེ་རུ་གཏོང་བ་དང་། ཁེ་ལས་ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ནང་ཞུགས་པར་བསྡུ་ལེན་ཧུར་ཐག་བྱེད་པ། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་སུའོ་དེ་བས་མང་པོར་ཚད་རྡུལ་ཚན་རྩལ་གྱི་རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་ཞིབ་སྤེལ་ཧུར་ཐག་བྱ་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་དང་མཐུན་སྦྱོར་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ཚད་རྡུལ་ཚན་རྩལ་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཚད་རྡུལ་ཚན་རྩལ་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཀྱི་རིམ་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས།
     ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཚན་རྩལ་གསར་གཏོད་དང་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཤེས་བྱ་གསར་པ་སྦྱོང་བ་དང། འགུལ་རྣམ་གསར་པ་ཁོང་དུ་ཆུད་པ། ཚན་རྩལ་གྱི་ལས་འགན་གལ་ཆེན་འཆར་འགོད་ཡག་པོ་བྱེད་པ། ཚན་རྩལ་ཐོན་ཁུངས་བགོ་སྒྲིག་ལེགས་གཏོང་བཅས་བྱས་ཏེ། བྱེད་ཐབས་ནུས་ལྡན་སྤྱད་ནས་ཚན་རྩལ་གསར་གཏོད་འཕེལ་རྒྱས་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དམིགས་སར་འཁྱོལ་བ་དང་ཕན་འབྲས་ཐོབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད། 

  
style="display:none;"