མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁྲོན་བོད་ལྕགས་ལམ་ཐད་མཛུབ་སྟོན་གལ་ཆེན་གནང་། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་09ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    “ལམ་གཉིས”ཀྱི་སྙིང་སྟོབས་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དར་སྤེལ་གཏོང་ཞིང་། སྤུས་ཚད་མཐོ་བའི་ངང་ལས་གྲྭ་འཛུགས་སྐྲུན་སྐུལ་འདེད་གཏོང་དགོས། 
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་11ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་འགོ་ཚུགས་པའི་ཐད་མཛུབ་སྟོན་གལ་ཆེན་གནང་དོན། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་དང་། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་སྐུལ་འདེད། མཐའ་མཚམས་བརྟན་བརླིང་སྲ་བརྟན། ནུབ་ཕྱོགས་ས་ཁུལ་ཁྱད་པར་དུ་ཁྲོན་བོད་ཞིང་ལྗོངས་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་པ་བསྟན། 
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁྲོན་བོད་ལྕགས་ལམ་ལམ་རྒྱུད་ཀྱི་ས་དབྱིབས་ས་གཤིས་དང་ནམ་ཟླའི་ཆ་རྐྱེན་རྙོག་འཛིང་ཆེ་ཞིང་། སྣོད་བཅུད་ཁོར་ཡུག་ཞན་པ། འཛུགས་སྐྲུན་གྱི་དཀའ་ཚེགས་ཆེ་བ་ནི་འཛམ་གླིང་ཐོག་མཐོང་བ་དཀོན་པ་ཞིག་རེད། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་སྒྲུབ་ཐུབ་པའི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གཟི་བརྗིད་ལྡན་ཞིང་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་འདི་ལེགས་པར་བསྒྲུབ་དགོས། རྒྱལ་ཁབ་ལྕགས་ལམ་ཚོགས་པས་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པ་དང་། འབྲེལ་ཡོད་ཚན་པ་དང་ཁྲོན་བོད་ཞིང་ལྗོངས་གཉིས་ཀྱིས་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་སྒྲིག་འཛུགས་ཞིབ་ཚགས་ཀྱིས་ལག་བསྟར་བྱེད་དགོས། རྒྱ་ཆེའི་ལྕགས་ལམ་འཛུགས་སྐྲུན་བྱེད་མཁན་གྱིས་“ལམ་གཉིས་”ཀྱི་སྙིང་སྟོབས་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས། ཚན་རིག་དང་མཐུན་པའི་ངང་ཨར་ལས་དང་། ཉེན་མེད་ཨར་ལས། ལྗང་མདོག་ཨར་ལས་བཅས་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས་ལས་གྲྭ་འཛུགས་སྐྲུན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་འཇོག་དགོས། 
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་དོན། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱོན་ཡོངས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་ནས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། འབྲེལ་ཡོད་ཕྱོགས་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ། བདེ་འཇགས་དང་བློས་འགེལ་ཆོག་པ་དང་། དུས་ཚོད་ཀྱིས་སྤུས་ཚད་ལ་བསྟུན་དགོས་པའི་རྩ་དོན་ལྟར། ལས་གྲྭའི་ཇུས་གཞི་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་དགོས། ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཨར་ལས་རྩ་འཛུགས་བཀོད་སྒྲིག་བྱ་དགོས། ཉེན་མེད་ཐོན་སྐྱེད་ཀྱི་འགན་འཁྲི་ནན་འཛིན་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་མང་ཚོགས་ཀྱི་དམངས་འཚོ་སོགས་ཀྱི་ལས་དོན་སྤྱི་འདོམས་ཡག་པོ་བྱས་ནས་འགོ་འཛུགས་ས་མཐོ་བ་དང་། ཚད་གཞི་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་ཁྲོན་བོད་ལྕགས་ལམ་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། བོད་ཁུལ་གྱི་མང་ཚོགས་ལ་བདེ་སྐྱིད་སྐྲུན་པ་དང་། ས་ཁོངས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཆེད་དུ་བྱས་རྗེས་གསར་པ་འཇོག་དགོས། 
    ཁྲོན་བོད་ལྕགས་ལམ(གཡག་རྔ་ནས་ཉིང་ཁྲི་བར་གྱི་དུམ་བུ)སྐྲུན་འགོ་ཚུགས་པའི་སྐུལ་སློང་ཚོགས་ཆེན་ནི་ཟླ་11ཚེས་8ཉིན་པེ་ཅིང་དང་ཁྲོན་བོད་ལྕགས་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་སེར་སྐྱིད་ལའི་ཕུག་ལམ་དང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་གྱི་ས་ཁུལ་གསུམ་དུ་འཚོགས་ཤིང་། བརྙན་སྦྲེལ་ཐབས་ལ་བརྟེན་ནས་དུས་མཉམ་དུ་སྤེལ་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧོ་ཡིས་ཚོགས་ཆེན་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་རེད། ཁྲོན་བོད་ལྕགས་ལམ་ལས་གྲྭ་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི་སྒོ་བྱང་བཀལ་ནས་ཁྲོན་བོད་ལྕགས་ལམ(གཡག་རྔ་ནས་ཉིང་ཁྲི་བར་གྱི་དུམ་བུ)སྐྲུན་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད། 
   ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་དུམ་བུ་ནི་2018ལོའི་ཟླ་12པར་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། ལྷ་ས་ནས་ཉིང་ཁྲི་བར་གྱི་དུམ་བུ་དེ་2015ལོའི་ཟླ་6པར་ལས་འགོ་ཚུགས་པ་རེད། མིག་སྔར་ལས་གྲྭ་བདེ་བླག་ངང་སྤེལ་འགོ་ཚུགས་ཤིང་། ད་ཐེངས་ལས་འགོ་ཚུགས་པའི་གཡག་རྔ་ནས་ཉིང་ཁྲི་བར་གྱི་དུམ་བུ་དེ་སི་ཁྲོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་ས་ཁོངས་སུ་ཡོད། ལམ་ཐིག་དེ་ནི་སི་ཁྲོན་གཡག་རྔ་ནས་འགོ་བཙུགས་ཏེ་མཐར་བོད་ལྗོངས་ཉིང་ཁྲིར་འབྱོར་བ་རེད། རྒྱལ་ཁབ་ཀྱི་རིམ་པ་ I པའི་ལྕགས་ལམ་ཉིས་གཤིབ་ཅན་སྤྱི་ལེ་1011གསར་སྐྲུན་བྱ་རྒྱུ་དང་། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་120ནས་200བར་འཆར་འགོད་བྱས་ཡོད། རྣམ་གྲངས་དེ་རྒྱལ་ཁབ་ལྕགས་ལམ་ཚོགས་པས་སྒྲིག་འཛུགས་དང་ལག་བསྟར་བྱེད་འགན་འཁུར་རྒྱུ།

  
style="display:none;"