མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་དམག་དོན་སྦྱོང་བརྡར་ཚོགས་འདུའི་ཐོག་ནན་བཤད་གནང་
དོན།ཕྱོགས་ཡོངས་ནས་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་
ཡོངས་ནས་སྦྱོང་བརྡར་གྱི་ཆུ་ཚད་དང་རྒྱལ་ཁ་ལེན་པའི་ནུས་པ་ཆེ་རུ་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་27ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་11ཚེས་25ཉིན་ཀྲུང་དབྱང་དམག་ཨུད་ཀྱི་དམག་དོན་སྦྱོང་བརྡར་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་གསུང་བཤད་གལ་ཆེན་ཡང་གནང་བ།

ཟླ་11ཚེས་25ཉིན་ཀྲུང་དབྱང་དམག་ཨུད་ཀྱི་དམག་དོན་སྦྱོང་བརྡར་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་གསུང་བཤད་གལ་ཆེན་ཡང་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་པེ་ཅིང་དུ་ཀྲུང་དབྱང་དམག་ཨུད་ཀྱི་དམག་དོན་སྦྱོང་བརྡར་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་དམག་ཡོངས་ཀྱིས་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ཏང་གི་དགོངས་པ་ལག་བསྟར་བྱས་ཏེ་དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་མཛད་ཕྱོགས་ལག་བསྟར་དང་། དམག་གྲབས་དམག་རྒྱག་ལ་དམིགས་རྒྱུ་མཐའ་འཁྱོངས། དངོས་འཐབ་དངོས་སྦྱོང་དང་། མཉམ་འཐབ་མཉམ་སྦྱོང་། ཚན་རྩལ་ལ་བརྟེན་ནས་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་སྦྱོང་བརྡར་བཅོས་སྐྱོང་བཅས་མཐའ་འཁྱོངས། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། སྒྱུར་བཅོས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། དམག་དོན་སྦྱོང་བརྡར་མ་ལག་གསར་པ་གང་མགྱོགས་སྐྲུན་པ། ཕྱོགས་ཡོངས་ནས་སྦྱོང་བརྡར་གྱི་ཆུ་ཚད་དང་རྒྱལ་ཁ་ལེན་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ཏང་གི་དམིགས་ཚད་མངོན་འགྱུར་དང་རང་རེའི་དམག་དཔུང་འདི་ཉིད་ཕྱོགས་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་བསྐྲུན་ཆེད་སྟོབས་དང་ལྡན་པའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
    ཕྱི་དྲོའི་ཆུ་ཚོད་4པ་ཙམ་ལ་ཞི་ཅིན་ཕིང་ཅིན་ཤིས་མགྲོན་ཁང་དུ་ཕེབས་པ་དང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཚོགས་འདུར་ཞུགས་མཁན་འཐུས་མི་དང་། དམག་ཡོངས་ཀྱི་དམག་དོན་སྦྱོང་བརྡར་གྱི་སྔོན་ཐོན་ཚན་པའི་འཐུས་མི། སྔོན་ཐོན་མི་སྒེར་བཅས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད། ཚང་མ་དང་མཉམ་དུ་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྒྲོན་པ་རེད།
    ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དམག་དོན་སྦྱོང་བརྡར་ནི་དམག་དཔུང་གི་རྒྱུན་གཏན་རང་བཞིན་གྱི་ལྟེ་བའི་ལས་དོན་དང་། འཐབ་ནུས་འཕེལ་བ་བྱེད་པ་དང་ཆེ་རུ་གཏོང་བའི་གཞི་རྩའི་ཐབས་ལམ། ཆེས་ཐད་ཀའི་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་བཅས་ཡིན་པ་དེས། དམག་དཔུང་གིས་དམག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་རྒྱུ་འགན་ལེན་དང་དམག་དཔུང་གི་ཕྱོགས་ཡོངས་ཀྱི་འཛུགས་སྐྱོང་ཆུ་ཚད་མཐོ་རུ་གཏོང་རྒྱུའི་ངོས་ནས་བརྗོད་ན། ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད་ཅེས་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་བློ་བརྟན་འགྱུར་མེད་ངང་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་སྐུལ་འདེད་བཏང་བ་དང་། དམག་ཡོངས་ཀྱིས་དམག་དོན་སྦྱོང་བརྡར་མཐའ་འཁྱོངས་བྱ་རྒྱུ་དེ་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་རྒྱུར་སྐུལ་འདེད་བཏང་བ། དངོས་འཐབ་དངོས་སྦྱོང་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་བ། མཉམ་འཐབ་མཉམ་སྦྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ། སྦྱོང་བརྡར་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། མང་ཚོགས་རང་བཞིན་གྱི་དམག་སྦྱོང་དང་དྲག་རྩལ་འགྲན་བསྡུར་ལ་སྐུལ་འདེད་རྒྱ་ཁྱབ་བཏང་བ་བཅས་བྱས་ཡོད། རང་རེའི་དམག་དཔུང་གི་དམག་དོན་སྦྱོང་བརྡར་དེ་དངོས་འཐབ་ལ་དམ་པོར་དམིགས་པ་དང་དངོས་འཐབ་ལ་ཞབས་འདེགས་ཞུ་བའི་ཐད་མདུན་ཕྱོགས་སུ་གོམ་པ་ཆེན་པོ་ཞིག་སྤོས་ནས་དུས་ཡུན་རིང་པོར་གནས་པའི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ཁག་གཅིག་ཐག་གཅོད་བྱས་པ་མ་ཟད། དམག་གྲབས་དང་དམག་རྒྱག་གི་ནུས་པ་ཆེ་རུ་གཏོང་བ་དང་ལས་འགན་གལ་ཆེན་ཁག་ལེགས་སྒྲུབ་བྱ་རྒྱུར་འདེགས་སྐྱོར་ཡང་བྱས་ཡོད།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་རང་རྒྱལ་གྱི་བདེ་འཇགས་ཁོར་ཡུག་དང་། དམག་དོན་འཐབ་རྩོད་ཀྱི་དུས་བབ། རང་རེའི་དམག་དཔུང་གི་འགན་འཁྲི་དང་ལས་འགན། དེང་རབས་དམག་འཁྲུག་གི་རྣམ་པ། རང་རེའི་དམག་དཔུང་གི་རྩ་འཛུགས་རྣམ་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་དམིགས་ཚད་ལས་འགན་བཅས་ཚང་མར་འགྱུར་ལྡོག་གསར་པ་བྱུང་བ་དང་། རང་རེའི་དམག་དཔུང་གི་དམག་དོན་སྦྱོང་བརྡར་དེ་ཕྱོགས་མང་འཕོ་འགྱུར་དང་ཁྱོན་ཡོངས་རང་བཞིན་མཐོར་འདེགས་ཀྱི་དུས་མཚམས་གསར་པར་བསྐྱོད་ཡོད། དུས་རབས་གསར་པ་དང་། དུས་བབ་གསར་པ། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཁོང་དུ་ཆུད་པར་བྱས་ཏེ་སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་འགན་འཁྲི་ཁུར་སེམས་ཆེ་རུ་བཏང་ནས་དམག་དོན་སྦྱོང་བརྡར་གྱི་ཕྱོགས་སྒྱུར་རིམ་སྤོར་མགྱོགས་མྱུར་མངོན་འགྱུར་བྱེད་དགོས།
    ཞི་ཅིན་ཕིང་གིས་བསྟན་དོན། འཐབ་ཇུས་ཇུས་འགོད་དང་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་དམག་དོན་སྦྱོང་བརྡར་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། དམག་འཐབ་སྦྱོང་བརྡར་གཅིག་གྱུར་ལ་ཤུགས་སྣོན་བརྒྱབ་སྟེ་དམག་འཐབ་ལ་བརྟེན་ནས་སྦྱོང་བརྡར་ལ་སྣེ་ཁྲིད་དང་སྦྱོང་བརྡར་ལ་བརྟེན་ནས་དམག་འཐབ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། དངོས་འཐབ་ཀྱི་བླང་བྱར་གཞིགས་ནས་སྦྱོང་བརྡར་བྱས་ཏེ་དམག་འཐབ་དང་སྦྱོང་བརྡར་གཞི་གཅིག་ཅན་དུ་འགྱུར་བ་བྱེད་དགོས། མཉམ་འབྲེལ་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་མཉམ་འབྲེལ་གཙོ་རྐང་དུ་བྱེད་རྒྱུ་མཐའ་འཁྱོངས་དང་རང་རེའི་དམག་དཔུང་གི་ཁྱད་ལྡན་མཉམ་འབྲེལ་སྦྱོང་བརྡར་མ་ལག་འཕེལ་རྒྱས་བཏང་ནས་གཞི་གཅིག་ཅན་གྱི་མཉམ་འབྲེལ་དམག་འཐབ་ནུས་པ་མགྱོགས་མྱུར་ཆེ་རུ་གཏོང་དགོས། སྦྱོང་བརྡར་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དོ་དམ་གྱི་བྱེད་ཐབས་དང་བརྒྱུད་རིམ་ལེགས་སུ་གཏོང་བ་དང་། འབྲེལ་ཡོད་ཁྲིམས་སྲོལ་ལམ་ལུགས་དང་ཚད་ལྡན་བྱ་ཐབས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དུས་འཁོར་ཧྲིལ་པོ་དང་ཞིབ་ཚགས་ཅན་གྱི་སྦྱོང་བརྡར་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཚན་རྩལ་ལ་བརྟེན་ནས་དམག་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དཔོན་དམག་གི་ཚན་རྩལ་བྱང་ཚད་མཐོ་རུ་གཏོང་བ་དང་སྒྲིག་ཆས་གསར་པ་དང་། སྟོབས་ཤུགས་གསར་པ། ཁྱབ་ཁོངས་གསར་པ་བཅས་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། སྔོན་ཐོན་གྱི་སྦྱོང་བརྡར་བྱེད་ཐབས་དང་ཐབས་ཤེས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་སྦྱོང་བརྡར་ཁྲོད་ཚན་རྩལ་འདུས་ཚད་མཐོ་རུ་གཏོང་དགོས། སྦྱོང་བརྡར་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་བཀོད་པ་ལེགས་སུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོ་འཐུས་སྒོ་ཚང་དུ་གཏོང་བ། བྱེད་ཐབས་གསར་གཏོད་བཅས་བྱེད་པ་དང་དམག་སྦྱོང་ངོ་མ་བྱེད་པའི་ཁོར་ཡུག་བཏོད་ནས་ཆུ་ཚད་མཐོ་བའི་སྦྱོང་བརྡར་འགན་ལེན་མ་ལག་མགྱོགས་མྱུར་བསྐྲུན་དགོས། ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་དམག་དོན་སློབ་གསོའི་མཛད་ཕྱོགས་ལག་བསྟར་བྱེད་པ་དང་སློབ་གླིང་དང་སློབ་གྲྭའི་སློབ་གསོ་དང་། དཔུང་སྡེའི་དམག་སྦྱོང་ལག་ལེན། དམག་དོན་ལས་རིགས་སློབ་གསོ་བཅས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཕྱོགས་བསྡུས་ནུས་པ་འདོན་སྤེལ་བྱས་ཏེ་དམག་སྦྱོང་དང་དམག་གྲབས་ལ་བྱང་ཆུབ་པའི་དམག་མི་འབོར་ཆེན་གསོ་སྐྱོང་བྱེད་དགོས། དཔོན་དམག་གི་བྱེད་པོའི་གནས་བབ་ལ་བརྩི་འཇོག་བྱེད་པ་དང་། དམག་དོན་དམངས་གཙོ་དར་སྤེལ་གཏོང་བ། གསར་གཏོད་གསར་སྐྲུན་ལ་སྐུལ་ལྕག་བཅས་བྱས་ཏེ་རྒྱ་ཆེའི་དཔོན་དམག་གི་དམག་སྦྱོང་གི་སྤྲོ་སེམས་འཕེལ་བ་དང་དམག་སྦྱོང་གི་བློ་གྲོས་གཅིག་སྡུད་བྱེད་དགོས། དཀའ་ཚེགས་ཆེ་ཞིང་དོ་ནན་པའི་སྦྱོང་བརྡར་དང་། དངོས་འཐབ་དང་འདྲ་བའི་ཁོར་ཡུག ཛ་དྲག་དང་རྙོག་འཛིང་ཆེ་བའི་དམག་དོན་འཐབ་རྩོད་བཅས་ནང་དམག་དཔུང་ལ་སྦྱོང་བརྡར་སྤྲོད་པ་དང་དཔོན་དམག་ཚོའི་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ་དང་། འཐབ་འཛིང་གི་བློ་སྟོབས་ཞུན་བརྡར་ཐུབ་པ། འཐབ་འཛིང་གི་སྤྱོད་ཚུལ་ཞུན་བརྡར་ཐུབ་པ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པའི་ཞུམ་མེད་དམག་འཐབ་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གིས་དམག་དོན་སྦྱོང་བརྡར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་ཧུར་ཐག་འབད་ཐག་ངང་དམག་དོན་སྦྱོང་བརྡར་གྱི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། དངོས་འཐབ་ལ་བརྟེན་ནས་སྦྱོང་བརྡར་ལ་དམ་འཛིན་བྱ་རྒྱུར་དམིགས་ཏེ་དམག་སྦྱོང་དམག་གྲབས་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་པའི་ལས་དོན་གྱི་སྟོན་ཕྱོགས་དང་། མི་སྣ་བཀོལ་སྤྱོད་ཀྱི་སྟོན་ཕྱོགས། སྲིད་ཇུས་ཀྱི་སྟོན་ཕྱོགས། གླེང་ཕྱོགས་ཀྱི་སྟོན་ཕྱོགས་བཅས་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། དེ་བས་ནན་པའི་སྦྱོང་བརྡར་འགན་འཁྲིའི་ལམ་ལུགས་བཙུགས་ནས་རིམ་གྱིས་གནོན་ཤུགས་སྤྲོད་པ་དང་རིམ་གྱིས་འགན་འཁྲི་ནན་དུ་གཏོང་དགོས། ཏང་ཨུད་ཀྱིས་དམག་འཐབ་སྦྱོང་བརྡར་གྱི་བགྲོ་གླེང་གི་སྤུས་ཚད་མཐོ་རུ་གཏོང་བ་དང་སྦྱོང་བརྡར་གྱི་མཛུབ་ཁྲིད་དང་ལས་དོན་སྤེལ་ཐབས་ལེགས་བཅོས་བྱས་ནས། སྦྱོང་བརྡར་དམ་འཛིན་བྱེད་པའི་ཚན་རིག་དང་མཐུན་པའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། སྦྱོང་བརྡར་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་དང་བཅོས་སྐྱོང་གཏིང་ཟབ་བྱས་ཏེ་སྦྱོང་བརྡར་གྱི་སྤྱོད་ཚུལ་ལེགས་སུ་གཏོང་དགོས། རིམ་པ་ཁག་དང་ལྷག་པར་དུ་མཐོ་རིམ་བཀོད་འདོམས་པས་སེམས་ནུས་གཅིག་སྡུད་ཀྱིས་དམག་དོན་ལ་ཞིབ་འཇུག་དང་། དམག་འཁྲུག་ལ་ཞིབ་འཇུག དམག་རྒྱག་ལ་ཞིབ་འཇུག་བཅས་བྱས་ཏེ། དམག་རྒྱག་ཤེས་པ་དང་། བཀོད་འདོམས་བྱེད་ཤེས་པ། སྦྱོང་བརྡར་སྒྲིག་འཛུགས་བྱེད་མཁས་པ། སྦྱོང་བརྡར་དམ་འཛིན་ཐུབ་པ་བཅས་བྱས་ནས། ཉམས་སད་ཐེག་པའི་འཇོན་ཐང་སྦྱོང་ཐུབ་པ་དང་ཉམས་སད་ཐེག་པའི་དཔུང་སྡེ་སྣེ་ཁྲིད་ཐུབ་པ་བྱེད་དགོས།
    ཞི་ཅིན་ཕིང་གིས། དམག་དོན་སྦྱོང་བརྡར་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ནི་དམག་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་པས། དམག་དོན་ཨུ་ལྷན་གྱིས་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དམག་དོན་ཨུ་ལྷན་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་འདོམས་མཐུན་སྦྱོར། ཕྱོགས་ཁག་གིས་རང་འགན་གཙང་སྒྲུབ་བཅས་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་བཅས་ཀྱིས་སྦྱོང་བརྡར་བྱ་ཡུལ་འཛུགས་སྐྲུན་དང་། སྦྱོང་བརྡར་གྱི་ཐོན་ཁུངས་འགན་ལེན། སྦྱོང་བརྡར་ཁྲོད་ཀྱི་རྨས་མའི་འཆི་གོད་གྱོང་གསབ། ནང་སྦྱོང་ལས་འགན་གྱི་འགལ་ཟླ་སེལ་བ་སོགས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཏེ། མཉམ་དུ་རང་རེའི་དམག་དཔུང་གི་དམག་སྦྱོང་དམག་གྲབས་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས《དམག་ཡོངས་ཀྱི་དམག་དོན་སྦྱོང་བརྡར་གྱི་སྔོན་ཐོན་ཚན་པ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་དམག་ཨུད་ཀྱི་བརྡ་ཁྱབ》སྒྲོག་སྦྱངས་གནང་བ་རེད། དམག་ཡོངས་ཀྱི་དམག་དོན་སྦྱོང་བརྡར་གྱི་སྔོན་ཐོན་ཚན་པ་10དང་དམག་ཡོངས་ཀྱི་དམག་དོན་སྦྱོང་བརྡར་གྱི་སྔོན་ཐོན་མི་སྒེར་23ལ་གཟེངས་བསྟོད་བྱས་པ་རེད། ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་མཁན་ལ་བྱ་དགའ་གནང་བ་རེད།

  
style="display:none;"