མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་ཁ་པར་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་29ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་28ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་ཁ་པར་བཏང་བ་རེད། 
    རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་ཕན་ཚུན་ལ་ལོ་གསར་གྱི་འཚམས་འདྲི་ཞུས་པ་མ་ཟད། ད་དུང་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ལོ་གསར་སྤྲོ་བོ་ཡོང་བའི་སྨོན་འདུན་ཞུས་པ་རེད། 
    ཞི་ཅིན་ཕིང་གིས། 2020ལོ་ནི་ཀྲུང་ཨུ་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ཡོངས་ཀྱི་ངོས་ནས་བརྗོད་ན་སྤྱིར་བཏང་གི་ལོ་ཞིག་གཏན་ནས་མ་རེད། ཏོག་གསར་གློ་ཚད་རིམས་ནད་མཆེད་པ་དེ་ནི་མིའི་རིགས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྔར་བྱུང་མ་མྱོང་བའི་འགྲན་སློང་ཞིག་ཏུ་གྱུར་བ་དང་། འཛམ་གླིང་གི་དཔལ་འབྱོར་ལ་ཕོག་ཐུག་ཚབས་ཆེན་བཟོས་ནས་འཛམ་གླིང་ནི་ཟིང་ཆ་ཆེ་བའི་འཕོ་འགྱུར་གྱི་དུས་ཤིག་ཏུ་སླེབས་ཡོད། གསེར་ལྷད་མེད་བཙོ་སྦྱང་ཇི་ལྟར་བྱས་ཀྱང་དེ་ཡི་རང་བཞིན་ཉམས་མི་འགྱུར་ཞེས་པའི་དཔེ་ལྟར། ཉེན་ཁ་ཆེ་བའི་དུས་སྐབས་སུ། ཀྲུང་ཨུའི་འབྲེལ་བའི་དགེ་མཚན་ཁྱད་དུ་འཕགས་པ་དང་རིན་ཐང་རྩ་ཆེན་སྔར་བས་མངོན་གསལ་དུ་གྱུར་ཡོད། ཕྱོགས་གཉིས་པོས་ཕན་ཚུན་རོགས་རེས་དང་དུས་ངལ་མཉམ་སེལ་གྱིས་ཕན་ཚུན་གྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ནས། རྒྱལ་ཁབ་གཉིས་པོའི་ཆུ་ཚད་མཐོ་བའི་ཕན་ཚུན་ཡིད་ཆེས་དང་མཛའ་མཐུན་མཚོན་པར་བྱས་ཤིང་། རྒྱལ་ཁབ་གཉིས་པོས་རྒྱལ་སྤྱིའི་རིམས་ནད་འགོག་བཅོས་མཉམ་ལས་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱས་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་འབྲེལ་མཐུད་ལ་བདེ་བླག་ངང་སྐུལ་འདེད་བཏང་ནས་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་75འཁོར་བར་མཉམ་དུ་རྟེན་འབྲེལ་ཞུས་ཤིང་། རྒྱལ་ཁབ་ཉི་ཤུའི་ཚོགས་པ་དང་།ཧྲང་ཧའེ་མཉམ་ལས་རྩ་འཛུགས། འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་བཏོན་ཏེ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བའི་རྐང་འཛིན་དུ་གྱུར་ཡོད་པ་བསྟན།
   ཞི་ཅིན་ཕིང་གིས《ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ནང་གཏན་ལ་ཕབ་པའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་འདུ་ཤེས་དང་རྒྱལ་སྤྱིའི་འབྲེལ་བ་གསར་པའི་རྩ་དོན་ནི་རྒྱལ་སྤྱིའི་འབྲེལ་བའི་ལོ་རྒྱུས་ཐོག་གི་གསར་གཏོད་ཆེན་པོ་ཞིག་ཡིན་པ་དང་དེའི་གསོན་ཤུགས་དང་དཔེ་སྟོན་གྱི་ཕན་འབྲས་ནི་མིག་སྔའི་རྒྱལ་སྤྱིའི་དུས་བབ་འོག་རྒྱུན་མཐུད་ངང་མངོན་རྒྱུ་རེད། ཕྱོགས་གཉིས་པོས་སང་ལོར་ཆིངས་ཡིག་ལ་མིང་རྟགས་བཀོད་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བ་དེ་གོ་སྐབས་སུ་བྱས་ནས་ཁྱབ་ཁོངས་དེ་བས་ཆེ་བ་དང་། མངའ་ཁོངས་དེ་བས་ཡངས་པ། རིམ་པ་དེ་བས་ཟབ་པ་བཅས་ཀྱི་སྒོ་ནས་ཕྱོགས་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་འགོ་འཛུགས་ས་དེ་བས་མཐོ་བའི་ཐོག་ནས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་སྟེ་ཀྲུང་ཨུའི་མཉམ་ལས་ལ་དེ་བས་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་གོ་སྐབས་མཁོ་འདོན་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་ལས་ཀྱི་ལས་རྣམ་གསར་པ་དང་སྒུལ་ནུས་གསར་པ་ཆེ་རུ་གཏོང་བ། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ཚན་རྩལ་གསར་གཏོད་ལོ་མུ་མཐུད་ཡག་པོར་གཉེར་བ།རྒྱལ་ཁབ་གཉིས་པོའི་ཚན་རྩལ་ལས་རིགས་དང་ཐོན་ལས་ལས་རིགས་ཀྱིས་ཕྱོགས་མང་གི་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་པ་ནན་བཤད་གནང་། 
   ཞི་ཅིན་ཕིང་གིས། ཀྲུང་ཨུའི་འབྲེལ་བར་ནང་གནས་ཀྱི་སྒུལ་ཤུགས་དང་རང་ཚུགས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད་ལ་རྒྱལ་སྤྱིའི་འཕོ་འགྱུར་གྱི་ཤུགས་རྐྱེན་ཐེབས་མི་སྲིད་པ་དང་རྒྱུ་རྐྱེན་གཞན་གྱི་འགོག་རྐྱེན་ཡང་ཐེབས་མི་སྲིད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཚེ་རྒྱལ་ཁབ་གཉིས་པོར་རྡུང་རྡེག་དང་ཁ་བྲལ་དུ་གཏོང་བའི་ལྐོག་ཇུས་ཐམས་ཅད་བཀག་འགོག་ནུས་ལྡན་ཐུབ་པ་མ་ཟད། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱ་ཆེད་སྲུང་ཡོལ་བརྟན་པོ་ཞིག་ཀྱང་བསྐྲུན་ཐུབ་ཅེས་གསུངས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་བཏང་ནས་རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་ཡོང་བ་བྱས་ཏེ་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་པ་ནན་གྱིས་བསྟན། 
   ཕུའུ་ཅིང་གིས་ད་ལོར་ཏོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་ཐེབས་ན་ཡང་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་ནི་སྔར་བཞིན་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། ཕྱོགས་གཉིས་པོས་ཕན་ཚུན་རིམས་ནད་འགོག་བཅོས་ལ་རྒྱབ་སྐྱོར་བྱས་ཤིང་། དཔལ་འབྱོར་ཚོང་དོན་དང་། ནུས་རྒྱུ། ཚན་རྩལ་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད། སང་ལོར་ཕྱོགས་གཉིས་པོས《ཨུ་རུ་སུ་དང་ཀྲུང་གོའི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་20འཁོར་བར་མཉམ་དུ་རྟེན་འབྲེལ་ཞུ་རྒྱུ་ཡིན། དེ་ནི་ཨུ་ཀྲུང་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད། ཨུ་རུ་སུ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཨུ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་གཞོལ་རྒྱུ་ཡིན་ཞིང་། ངས་ཁྱེད་དང་མཉམ་དུ་འཐབ་ཇུས་ཀྱི་སྣེ་ཁྲིད་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བར་ལོ་གསར་པའི་ནང་འཕེལ་རྒྱས་གསར་པ་ཡོང་བར་འགན་ལེན་བྱེད་འདོད་ཡོད་ཅིང་། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་མུ་མཐུད་ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འཐབ་ཇུས་མཐུན་སྦྱོར་དང་མཉམ་ལས་ཟབ་ཏུ་བཏང་ནས་གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་པ་བསྟན། 
   རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་མུ་མཐུད་དུ་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་རྒྱུན་ལྡན་རང་བཞིན་གྱི་འབྲེལ་བ་རྒྱུན་འཛིན་བྱེད་པར་མོས་མཐུན་བྱུང་ཡོད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.cpc.people.com.cn/15834005.html)

  
style="display:none;"