མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྣེ་ཁྲིད་དང་འགན་ལེན་གྱི་ནུས་པ་འདོན་སྤེལ་གང་ལེགས་
བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དམིགས་ཚད་དང་ལས་འགན་དོན་ཐོག་ཏུ་འཁྱོལ་བའི་
འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་24ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ཟླ་1ཚེས་22ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསུང་བཤད་གལ་ཆེན་གནང་བཞིན་པ།

འདི་ནི་ཟླ་1ཚེས་22ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསུང་བཤད་གལ་ཆེན་གནང་བཞིན་པ།

    ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྣེ་ཁྲིད་དང་འགན་ལེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དམིགས་ཚད་དང་ལས་འགན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ།
   ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་པ་དང་། ཀྲའོ་ལེ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་བ།
   ■ འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་འགོ་ཚུགས་པའི་ལོ་དང་པོ་ཡིན་པས། ལས་དོན་མཐའ་དག་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་རྒྱུར་དམིགས་ནས་སྤེལ་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མཛད་ཕྱོགས་ལག་ལེན་གཏིང་ཟབ་བསྟར་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྣེ་ཁྲིད་དང་འགན་ལེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། རྣམ་འགྱུར་མི་འགྱུར་བ་དང་། ཆོད་སེམས་མི་ཉམས་པ། ཚད་གཞི་ལྷུག་ཏུ་མི་གཏོང་བ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རང་རྒྱལ་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།
    ■ ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་པ་དང་། རུལ་རྒོལ་འཐབ་རྩོད་ནམ་ཡང་ཚར་དུས་མེད། ལོ་བརྒྱ་འཁོར་བའི་ཏང་ཆེན་པོ་ཞིག་ཡིན་པའི་རང་རེའི་ཏང་གིས་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་གནས་པ་དང་སྐྱེ་སྟོབས་ཀྱི་གསོན་ཤུགས་ནམ་ཡང་གནས་པ་བྱེད་པར། ངེས་པར་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་གྱི་འཐབ་རྩོད་ལ་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་འགན་འཁུར་བློ་མཐུན་གཙོ་བོས་ངེས་པར་དུ་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ནས“རྒྱུགས་འབུལ”སྐབས་ཀྱི་རིག་པ་དྭངས་གསལ་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང“རུལ་སྐྱོན”དང“སྐོར་རྔོན”ལ་དོགས་ཟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དམ་ནན་གྱི་རྩ་བའི་དགོངས་གཞི་ཡུན་རིང་མཐའ་འཁྱོངས་བྱེད་པ་དང་། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དང་རྩ་ལག་མཉམ་བཅོས་ཀྱི་འདུ་ཤེས་ལ་བརྟེན་ནས་སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་བྱེད་པ། རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཟིང་བཅོས་དང་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ནས་དོན་པ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བརྗིད་ཆགས་གྲུ་ཆེན་རྒྱང་རིང་དུ་བརྟན་པོའི་ངང་བསྐྱོད་རྒྱུར་ཁྲིད་སྟོན་དང་འགན་ལེན་བྱེད་དགོས།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་འགོ་ཚུགས་པའི་ལོ་དང་པོ་ཡིན་པས། ལས་དོན་མཐའ་དག་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་རྒྱུར་དམིགས་ནས་སྤེལ་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མཛད་ཕྱོགས་ལག་ལེན་གཏིང་ཟབ་བསྟར་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྣེ་ཁྲིད་དང་འགན་ལེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། རྣམ་འགྱུར་མི་འགྱུར་བ་དང་། ཆོད་སེམས་མི་ཉམས་པ། ཚད་གཞི་ལྷུག་ཏུ་མི་གཏོང་བ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རང་རྒྱལ་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལེ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
   ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། 2020ལོ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། སྣ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་ཆེ་ལ་ལས་འགན་ལྕི་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དང་། ལྷག་པར་དུ་གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་བྱེད་པ་དང་། ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་བཏང་བ། བློ་བརྟན་འགྱུར་མེད་ངང་ཏང་འདི་ཉིད་དེ་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱས་ཡོད། དེ་ཡང་གཅིག་ནས་ཏང་དར་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་་ལེན་པ་བཅས་ཀྱི་ཁྲོད་ལྷབ་ལྷུབ་ཏུ་གཡོ་བར་བྱས་ཡོད་པས། རྒྱ་ཆེའི་མི་དམངས་མང་ཚོགས་ཚོར་དཀའ་ངལ་འཕྲད་པའི་དུས་སུ་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཏང་ཀྲུང་དབྱང་གི་དབང་གྲགས་ནི་རྒྱབ་རྟེན་བརྟན་ཤོས་ཡིན་པའི་མྱོང་ཚོར་ཏན་ཏིག་བྱུང་ཡོད། གཉིས་ནས“སྲུང་སྐྱོང་གཉིས”ལ་དམ་པོར་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་འགོ་ཁྲིད་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་སྐོར་གཟིགས་གཏིང་ཟབ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། “ཐབས་རྣམ་བཞི”གཏིང་ཟབ་སྤྱོད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་རྒྱུར་དམིགས་པ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་བརྒྱབ་པ། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་སོགས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཡོད། གསུམ་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་མེད་པར་བཟོས་ནས་སྤྱོད་ཚུལ་འགག་སྒྲོལ་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་། ཞིབ་བཤེར་རྩིས་ལེན་བྱེད་སྐབས་མི་བདེན་རྫུན་སྒྲིག་བྱེད་པའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་རྒྱ་སྐྱེད་གཏིང་ཟབ་གཏོང་བ། སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་མུ་མཐུད་བཅོས་སྒྲིག་བྱེད་པ། བཟའ་བཏུང་འཕྲོ་བརླག་གི་བྱེད་སྤྱོད་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཡོད། བཞི་ནས་རུལ་རྒོལ་འཐབ་རྩོད་ཀྱི་ལས་རྣམ་གསར་པར་སྟངས་འཛིན་གཏིང་ཟབ་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ། མཚམས་དང་ཚོད་མེད་པའི་རུལ་སུངས་བར་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་གཉིས་ཀ་ཡོད་པའི་རུལ་སུངས་ཀྱི་གྱོད་གཞིར་དམིགས་པ། ཏང་ལ་བློ་དཀར་སེམས་དཀར་མེད་པ་དང་མངོན་སྲུང་ལྐོག་འགལ་གྱི་ངོ་གཉིས་མར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། སྲིད་ཁྲིམས་ཁོངས་གཏོཌ་ཀྱི་རུལ་སུངས་ལ་ཆད་པ་ནན་པོ་མ་བཅད་པར་གུ་ཡངས་བཏང་བ་དང་། དབུལ་སྐྱོར་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་རུལ་སུངས་དང་ནག་གཤེད་དང་འབྲེལ་བའི“རྒྱབ་རྩ”རྩད་གཅོད་མཐར་ཕྱིན་པ་བྱས་ཡོད། ལྔ་ནས་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་བཏང་ནས་བསམ་བློར་དོ་དམ་དང་། ལས་དོན་ལ་དོ་དམ། སྤྱོད་ཚུལ་ལ་དོ་དམ། སྒྲིག་ཁྲིམས་ལ་དོ་དམ་བཅས་ཀྱི་དོ་དམ་ནན་པོ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་འཐབ་རྩོད་ཀྱི་འཐབ་ས་དང་པོར་ལས་བྱེད་པར་རྟོག་ཞིབ་དང་ཡག་ཉེས་དབྱེ་འབྱེད་བྱེད་པ་དང་། འཐབ་ས་དང་པོ་ནས་ཕུལ་དུ་བྱུང་བ་ཏང་ནང་བཅུག་ཡོད། ཏང་ཀྲུང་དབྱང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་ཐོབ་པའི་གྲུབ་འབྲས་ལ་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་དང་ཐོག་ཆབ་སྲིད་ཐད་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་ལྟ་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་མོད། འོན་ཀྱང་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེན་པོ་ཡོད། ཏང་གིས་སྲིད་སྐྱོང་བའི་བརྒྱུད་རིམ་ནང་ཉེན་ཁ་ཆེ་ཤོས་ཡིན་པའི་རུལ་སུངས་འདི་སྔར་བཞིན་གནས་པ་དང་། ད་དུང་གཙང་དག་བཟོས་མེད་པ། སྔར་བཞིན་ཐོན་བཞིན་པ་བཅས་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་བ་བྱེད་དགོས། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་དུ་འདྲེས་པས་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་ཡི་ཡོད། སྲོལ་རྒྱུན་གྱི་རུལ་སུངས་དང་རུལ་སུངས་གསར་པ་མཉམ་དུ་འདྲེས་པས་ལྐོག་ཟ་དང་རུལ་སུངས་ཀྱི་བྱེད་སྤྱོད་དེ་བས་མངོན་མེད་དང་རྙོག་འཛིང་ལ་འགྱུར་གྱི་ཡོད། རུལ་སུངས་ཀྱི་གནད་དོན་དང་ཚུལ་མིན་སྤྱོད་ཚུལ་མཉམ་དུ་འདྲེས་པས“སྤྱོད་ཚུལ་བཞི”རུལ་སུངས་ཀྱི་འབྱུང་རྩར་གྱུར་ཡོད། རུལ་སྐྱོན་དང་རུལ་སྐྱོན་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཡུན་རིང་གནས་པས། ལྷོད་གཡེང་ཕྲན་ཙམ་ཤོར་ན་རྐང་རྗེས་ལག་སུབ་ཏུ་འགྱུར་སྲིད་པ་དང་། རུལ་རྒོལ་ལ་གདམ་ག་མེད་པས་ངེས་པར་དུ་དཀའ་ངལ་ཡོད་པ་ཤེས་བཞིན་དུ་མདུན་སྐྱོད་བྱེད་དགོས།
   ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་པ་དང་། རུལ་རྒོལ་འཐབ་རྩོད་ནམ་ཡང་ཚར་དུས་མེད། ལོ་བརྒྱ་འཁོར་བའི་ཏང་ཆེན་པོ་ཞིག་ཡིན་པའི་རང་རེའི་ཏང་གིས་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་གནས་པ་དང་སྐྱེ་སྟོབས་ཀྱི་གསོན་ཤུགས་ནམ་ཡང་གནས་པ་བྱེད་པར། ངེས་པར་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་གྱི་འཐབ་རྩོད་ལ་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་འགན་འཁུར་བློ་མཐུན་གཙོ་བོས་ངེས་པར་དུ་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ནས“རྒྱུགས་འབུལ”སྐབས་ཀྱི་རིག་པ་དྭངས་གསལ་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང“རུལ་སྐྱོན”དང“སྐོར་རྔོན”ལ་དོགས་ཟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དམ་ནན་གྱི་རྩ་བའི་དགོངས་གཞི་ཡུན་རིང་མཐའ་འཁྱོངས་བྱེད་པ་དང་། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དང་རྩ་ལག་མཉམ་བཅོས་ཀྱི་འདུ་ཤེས་ལ་བརྟེན་ནས་སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་བྱེད་པ། རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཟིང་བཅོས་དང་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ནས་དོན་པ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བརྗིད་ཆགས་གྲུ་ཆེན་རྒྱང་རིང་དུ་བརྟན་པོའི་ངང་བསྐྱོད་རྒྱུར་ཁྲིད་སྟོན་དང་འགན་ལེན་བྱེད་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ནུས་པ་ལྡན་པའི་ཆབ་སྲིད་ཀྱི་ལྟ་སྐུལ་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དང་དོན་འཁྱོལ་ཏན་ཏིག་ཐུབ་པའི་འགན་ལེན་བྱེད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་མཐའ་འཁྱོངས་བྱས་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གོ་སྐབས་སུ་བྱས་ཏེ། ཏང་ཡོན་དང་ལས་བྱེད་པར་ཏང་གཤིས་ལ་སྦྱོང་བརྡར་དང་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པའི་སྒོ་ནས་རང་འཁྲིའི་ལས་དོན་ལེགས་པར་སྒྲུབ་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་ལ་ལྟ་ཞིབ་འགན་འདེད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་ཡོན་དང་ལས་བྱེད་པས་བསམ་བློའི་འཛིང་རགས་བརྟན་དུ་བཏང་ནས་དུས་དང་རྣམ་པ་ཀུན་ཏུ་རང་བཀུར་དང་། རང་སྒྲུབ། རང་ཟོན། རང་སྐུལ་བཅས་བྱེད་པ་དང་རང་གཟབ་ཆུང་ཟོན་དང་མགོ་མཇུག་གཟབ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་དད་སེམས་བརྟན་པ་དང་སྒྲིག་བཀུར་ཁྲིམས་སྲུང་གི་གོ་ཤེས་པ་ཞིག་བྱེད་དགོས།
   ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། བློ་བརྟན་འགྱུར་མེད་ཀྱིས་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་བཏང་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་དམིགས་ཚད་ཟམ་མི་ཆད་པར་མངོན་འགྱུར་བྱེད་དགོས། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་དེ་སྒྱུར་བཅོས་ཟབ་གཏོང་དང་། ལམ་ལུགས་འཐུས་ཚང་། བཅོས་སྐྱོང་ལ་སྐུལ་གཏོང་བཅས་དང་འབྲེལ་མཐུད་ཐུབ་པ་དང་། “ཐབས་རྣམ་བཞི”ཡག་པོ་སྤྱད་དེ་ཆད་གཅོད་ཟིལ་གནོན་དང་། གཅུན་འདོམས་སྐྱོབ་རོགས། སློབ་གསོ་དྲན་སྐུལ་བཅས་ཀྱི་ཕན་ནུས་ཕྱོགས་བསྡུས་འདོན་སྤེལ་བྱེད་དགོས། དངུལ་རྩའི་དོ་དམ་སྡེ་ཚན་དང་། ལྟ་འདོམས་སྒྲིག་གཞི། ས་གནས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་བྱེད་པོའི་འགན་འཁྲི་རྒྱུན་མཐུད་ནན་དུ་བཏང་ནས་དངུལ་རྩའི་རུལ་སུངས་ལ་ངོ་རྒོལ་དང་དངུལ་རྩའི་ཉེན་ཁ་ཐག་གཅོད་བྱེད་པའི་སྤྱི་འདོམས་འབྲེལ་མཐུད་ཡག་པོ་བྱས་ཏེ་དངུལ་རྩའི་ཁྱབ་ཁོངས་ཀྱི་ལྟ་འདོམས་དང་ནང་ཁུལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། རུལ་རྒོལ་བྱེད་ཐབས་དང་སྒྱུར་བཅོས་བྱེད་ཐབས་མཉམ་དུ་འཆར་འགོད་དང་། མཉམ་དུ་བཀོད་སྒྲིག མཉམ་དུ་དོན་འཁྱོལ་བཅས་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་ལྟ་སྐུལ་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལམ་ལུགས་ཀྱི་ཞན་ཆ་སེལ་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཏང་སྒྲིག་རྒྱལ་ཁྲིམས་ལ་བརྩི་སྲུང་ཞུས་ནས་དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་ལ་རང་རྟོགས་ངང་ངོ་རྒོལ་བྱེད་པ་དང་། སྣེ་ཁྲིད་དེ་སྤྱོད་གཙང་ཁྱིམ་སྐྱོང་བྱས་ནས་ནང་མི་བུ་ཕྲུག་དང་ཉེ་འགྲམ་གྱི་ལས་དོན་མི་སྣར་དོ་དམ་ནན་པོ་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་འགོ་ཁྲིད་ལས་བྱེད་པ་མི་སྒེར་གྱི་གནད་དོན་སྙན་སེང་གནས་ཚུལ་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར“སྤྱོད་ཚུལ་བཞི”ཡོ་བསྲང་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཆེད་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། ཏང་གི་སྲོལ་རྒྱུན་བཟང་པོ་དང་ཀུན་སྤྱོད་སློབ་གསོ་གཏིང་ཟབ་སྤེལ་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྲོལ་རྒྱུན་བཟང་པོ་ཁྱབ་པ་བཅས་བྱས་ནས་དུས་རབས་གསར་པར་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་དགོས། ཕྱོགས་ཡོངས་ནས་ནན་པོ་དང་ནན་པོ་མཐར་ཕྱིན་ཐུབ་རྒྱུ་མཐའ་འཁྱོངས་བྱས་ཏེ་གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱེད་པ་དང་བཟའ་འཐུང་འཕྲོ་བརླག་གཏོང་བ་སོགས་མང་ཚོགས་ཚོས་གླེང་མང་བའི་གོམས་སྲོལ་ངན་པ་ཐོན་མ་ཐག་རྡུང་རྡེག་གཏོང་བ་དང་རྡུང་རྡེག་ཡང་ཡང་གཏོང་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་བསྟུན་ཐབས་སྤུ་ཙམ་ཡང་མི་བྱེད་པར་ཕྱོགས་ཡོངས་ནས་ཞིབ་ལྟ་དང་ཡོ་བསྲང་གནད་ལ་འཁེལ་པོ་བྱེད་པ་དང་། གཞི་རིམ་གྱི་ཁུར་པོ་རྒྱུན་མཐུད་ཡང་དུ་གཏོང་བ། དངོས་སྒྲུབ་ལ་སྣང་ཆེན་དང་གྲུབ་འབྲས་དངོས་ལ་སྣང་ཆེན་བྱེད་པའི་མི་སྤྱོད་ཀྱི་སྟོན་ཕྱོགས་འཛུགས་པ་བཅས་བྱས་ནས་ཏང་ཡོངས་ཀྱིས་འགན་འཁྲི་གཙང་སྒྲུབ་དང་ལས་སྒྲུབ་ལས་གཏོད་བྱེད་པར་སྐུལ་མ་གཏོང་དགོས།
   ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་རྒྱུན་མཐུད་ངང་བཅོས་སྒྲིག་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་གྱི“སྦྲང་རྡུང”བྱེད་རིང་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་གཏོང་དགོས། སྲིད་ཁྲིམས་འཐབ་ཕྱོགས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཏེ་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་ནས་མི་དམངས་མང་ཚོགས་ལ་དྲང་གཞག་དྲང་བདེན་ཧུར་ཐག་ཚོར་དུ་འཇུག་དགོས། ནག་སེལ་གཤེད་བཅོམ་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བ་དང་ནག་གཤེད་ཕྱོགས་གཏོགས་དང་དེ་བཞིན“རྒྱབ་རྩར”རྡུང་རྡེག་མཐའ་གཅིག་ཏུ་བཏང་སྟེ་དེས་མི་སེར་ལ་སླར་ཡང་གནོད་འཚེ་གཏན་ནས་གཏོང་དུ་འཇུག་མི་རུང་། ཏང་ཀྲུང་དབྱང་གི་དམངས་ཕན་དམངས་ཕྱུག་དང་།
   ཐུན་མོང་ཐོག་ཕྱུག་པོ་ཆགས་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་དོན་འཁྱོལ་ལ་དམ་པོར་དམིགས་ནས་སློབ་གསོ་དང་སྨན་བཅོས་དང་། རྒན་གསོ་དང་སྤྱི་ཚོགས་འགན་སྲུང་། དབུལ་སྐྱོར་དང་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་རུལ་སུངས་དང་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་དང་། མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ཚོར་དྲང་གཞག་དྲང་བདེན་ཚོར་དུ་འཇུག་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཛུགས་སྐྲུན་ནང་ལྟ་སྐུལ་ཁྱབ་པར་བྱེད་དགོས། ལྟ་སྐུལ་བྱ་རྒྱུ་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། དབང་ཆ་འཁོར་སྐྱོད་དང་ལྟ་སྐུལ་ཚོད་འཛིན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་འཆར་འགོད་ལག་བསྟར་གྱི་རྨང་གཞིའི་རང་བཞིན་གྱི་འཛུགས་སྐྲུན་ལ་བརྩིས་ནས་ཁྱོན་ཡོངས་ལ་ཁྱབ་པའི་འགན་འཁྲིའི་ལམ་ལུགས་དང་ལྟ་སྐུལ་ལམ་ལུགས་འཛུགས་དགོས། ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་ལག་བསྟར་བྱས་ཏེ་ཧྲུའུ་ཅི་འགན་འཁུར་བ་ཨང་དང་པོར་བརྩིས་ནས་དམ་འཛིན་བྱེད་ཕོད་པ་དང་དོ་དམ་དངོས་འབྲེལ་བྱེད་པ་དང་སྦྲགས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གཙོ་གནད་མི་སྣ་དང་ལས་དོན་གཙོ་བོར་དམ་འཛིན་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་ཁྲིད་དུ་བྱེད་པ། དབང་ཆའི་ལྟ་སྐུལ་ལམ་ལུགས་དང་སྒྲིག་བསྟར་ཁྲིམས་འཛིན་གྱི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྐུལ་སྣ་ཚོགས་མཐུན་སྦྱོར་འབྲེལ་མཐུད་ཐུབ་པ་བཅས་བྱས་ཏེ་རྒྱུན་རྣམ་དང་ཕུགས་ཕན་གྱི་ལྟ་སྐུལ་མཉམ་ཤུགས་ཆགས་པ་བྱེད་དགོས། གཞི་རིམ་བཅོས་སྐྱོང་བྱེད་རིང་གི་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ལྟ་སྐུལ་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་མང་ཚོགས་ལྟ་སྐུལ་ནང་ཞུགས་ཐུབ་པ་བྱེད་དགོས།
   ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་དམིགས་ནས་ལྟ་སྐུལ་འགན་ལེན་ལག་བསྟར་དང་འཕེལ་རྒྱས་ལ་སྐུལ་འདེད་དང་འཐུས་སྒོ་ཚང་དུ་གཏོང་བའི་ནུས་པ་འདོན་སྤེལ་བཅས་བྱས་ནས་འགན་འཁྲི་ཤེས་པ་དང་། འགན་འཁྲི་འཁུར་བ། འགན་འཁྲི་ལག་བསྟར་བཅས་བྱེད་དགོས། རིམ་པ་ཁག་གི་ཏང་ཨུད་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་གསོ་སྐྱོང་དང་། གདམ་གསེས། བསྐོ་སྤྱོད་བཅས་ལ་སྤྱི་འདོམས་བྱེད་པའི་འགན་འཁྲི་ཁུར་ཏེ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་ལེགས་འདེམས་ཧྲག་སྒྲིག་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཚོད་འཛིན་དང་ལྟ་སྐུལ་ནན་ཤོས་དང་ལེན་བྱས་ཏེ་དོ་དམ་དང་བཅོས་སྒྲིག་ནན་པོ་དང་རང་ངོས་དྭངས་གཙང་ཡོང་ཤུགས་ཆེ་རུ་གཏོང་བ་དང་། རང་ངོས་ཀྱི་དབང་ཆའི་འཁོར་སྐྱོད་ལམ་སྲོལ་དང་དོ་དམ་ལྟ་སྐུལ་མ་ལག་གི་ཞན་ཆའི་ལྷུ་ཚིགས་ལ་དམིགས་པ། ལམ་ལུགས་ཀྱི་རླུང་ཙེ་ཚགས་དམ་དུ་གཏོང་བ། “སྒྲོན་འོག་མུན་པ”མཐའ་གཅིག་ཏུ་སེལ་བ་བཅས་བྱས་ཏེ་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལྷག་བསམ་རྣམ་དག སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ། ཆེད་ལས་ཅན་དང་འཇོན་ཐང་ཆེ་བ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་དམག་ཧྲག་ཅིག་ཧུར་ཐག་བཏོད་དེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་དགོས།
   ཀྲའོ་ལེ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་འདས་ཟིན་པའི་ལོ་གཅིག་རིང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐོབ་པའི་གྲུབ་འབྲས་གསར་པ་གལ་ཆེན་ལ་གདེང་འཇོག་གང་ལེགས་གནང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་དུས་བབ་གསར་པ་དང་ལས་འགན་གསར་པར་རྒྱས་བཤད་གཏིང་ཟབ་གནང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་དང་ཐོག་ཆབ་སྲིད་ཐད་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་ལྟ་དགོས་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། ཆབ་སྲིད་ཀྱི་ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དམིགས་ཚད་དང་ལས་འགན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད། གསུང་བཤད་མཐོ་གཟིགས་འོག་བསྐྱངས་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་གཞི་འཛིན་ས་གལ་ཆེན་ཞིག་རེད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། དམ་ནན་གྱི་རྩ་བའི་དགོངས་གཞི་ཡུན་རིང་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་འཐབ་ཇུས་དམིགས་ཚད་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བར་བྱེད་དགོས།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་བཅས་དང་དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཚོགས་འདུར་ཕེབས་ཡོད་པ་རེད།
   ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་མི་དམངས་ཚོགས་པ་ཁག་གི་འགོ་ཁྲིད་བློ་མཐུན་གཙོ་བོ། དམག་དཔུང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཁག་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དང་དེ་བཞིན་དམག་དཔུང་གི་འབྲེལ་ཡོད་ཚན་པ་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།
   ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟླ་1ཚེས་22ཉིན་པེ་ཅིང་དུ་འགོ་ཚུགས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། ཚེས་22ཉིན་གྱི་ཕྱི་དྲོ། ཀྲའོ་ལེ་ཅིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ《དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་ལས་དོན་སྙན་སྒྲོན་གནང་བ་རེད།

  
style="display:none;"