མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་ཡོ་རོབ་ཀྱི་ཁེ་ལས་མཁས་ཅན་དང་རིམ་མཐོའི་བརྙན་ལམ་གླེང་མོལ་གྱི་ཚོགས་འདུར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་08ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཀྲུང་ནན་ཧའེ་ཙེ་ཀོང་ཀེ་རུ་ཡོ་རོབ་ཀྱི་ཁེ་ལས་མཁས་ཅན་དང་རིམ་མཐོའི་བརྙན་ལམ་གླེང་མོལ་གྱི་ཚོགས་འདུར་ཞུགས་པ་རེད། ལི་ཁེ་ཆང་གིས་དེང་སྐབས་ཀྲུང་གོའི་དཔལ་འབྱོར་གྱི་དུས་བབ་དང་འཕེལ་རྒྱས་ཀྱི་མདུན་ལམ་ངོ་སྤྲོད་གནང་བ་དང་འབྲེལ། ཀྲུང་གོའི་ཁྲོམ་ར་དང་། འཛད་སྤྱོད། ཀྲུང་གོ་དང་ཡོ་རོབ་ཀྱི་ཚོང་དོན་མ་འཇོག་མཉམ་ལས། ཀྲུང་གོའི་ཚོང་གཉེར་ཁོར་ཡུག ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གྲོས་གཞིར་དམིགས་ནས་ཚོགས་ཞུགས་ཁེ་ལས་མཁས་ཅན་གྱི་འཐུས་མི་དང་སྤེལ་རེས་ཟབ་མོ་གནང་བ་རེད། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཚོང་དོན་ཨུ་ཡོན་ཟུར་པ་དབྱིན་ཇིའི་དབུ་ཞུགས་བློན་ཆེན་ཟུར་པ་ཞུན་ཅུའེ་མན་ཏེར་སེན་གྱིས་གཙོ་སྐྱོང་གནང་བ་དང་ཨོར་ཨོ་དང་། ཁུང་ཁེ། ཏེ་ཀའོ། ཨ་སི་ལི་ཁང་། ཨོའུ་ལའེ་ཡ། པ་སི་ཕུའུ། སི་ཨའེ་ཧྥུའུ་སོགས་ཡོ་རོབ་ཀྱི་གྲགས་ཅན་ཁེ་ལས་30ཙམ་གྱི་འགན་འཁུར་བ་ཞུགས་པ་རེད།
   ཀྲུང་གོའི་དཔལ་འབྱོར་གྱི་དུས་བབ་སྐོར་གླེང་སྐབས། ལི་ཁེ་ཆང་གིས་གསུངས་དོན། ཏོག་གསར་གློ་ཚད་རིམས་ནད་དང་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཆེན་པོ་འགྲོ་བའི་རྡབ་རྡེག་འཕྲད་སྐབས་ཀྲུང་གོ་སྲིད་གཞུང་གིས་ཚུགས་ནུས་རྒྱུན་འཁྱོངས་བྱས་ཏེ་ནུས་ལྡན་གྱི་སྤྱི་ཁོག་སྲིད་ཇུས་དུས་ཐོག་དང་འཕྲལ་ཐག་ཆོད་པོས་བཏོན་པ་དང་། ལུགས་མཐུན་གྱི་རིན་དོད་ལ་བརྟེན་ནས་གྲུབ་འབྲས་ཡག་པོ་ཐོབ་ཅིང་། ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་མྱུར་ཙམ་བྱུང་སྟེ་ལོ་འཁོར་མོར་2.3%འཕར་བ་རེད། ཕྱོགས་གཅིག་ནས་ང་ཚོས་ཁྲོམ་རའི་བྱེད་པོའི་དཀའ་ངལ་ལས་སྒྲོལ་བའི་དགོས་མཁོ་དང་བསྟུན་ཏེ་ཀྲུང་དབྱང་ནས་ས་གནས་བར་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཁེ་ལས་ཀྱི་དཀའ་ངལ་སེལ་རྒྱུ་མཐའ་འཁྱོངས་ཀྱིས་དུས་མཚམས་རང་བཞིན་གྱི་གཞི་ཁྱོན་ཆེ་བའི་ཁྲལ་རིན་གཉིས་གཅོག་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཁྲོམ་རའི་བྱེད་པོ་དང་ལྷག་པར་དུ་རྡབ་རྡེག་ཐད་ཀར་དང་གཞི་ཁྱོན་ཆེ་ཤོས་ཕོག་པའི་ཁེ་ལས་འབྲིང་ཆུང་དང་། ཕྲན་ཚེགས་ཁེ་ལས། ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ཀྱི་དཀའ་ངལ་བསལ་བ་དང་། ན་ནིང་རིགས་ཁག་གི་ཁྲོམ་རའི་བྱེད་པོར་ཁྲལ་རིན་གཉིས་གཅོག་གི་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་2.5ལྷག་ཙམ་ཟིན་པ་རེད། ཕྱོགས་གཞན་ཞིག་ནས་ང་ཚོས་ཚོང་གཉེར་ཁོར་ཡུག་ལེགས་བཅོས་ལ་སྐུལ་འདེད་གཏོང་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་པ་དང་ཁེ་ལས་ཀྱི་ཐོ་འགོད་འགྲོ་ལུགས་སྟབས་བདེར་བཏང་སྟེ་དྲང་གཞག་འགྲན་རྩོད་ཀྱི་འགན་ལེན་རང་བཞིན་གྱི་བྱེད་ཐབས་བཏང་སྙོམས་ངང་མཁོ་འདོན་བྱས་ཡོད། ན་ནིང་ལོ་སྨད་དུ་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་གྲངས་འབོར་མགྱོགས་མྱུར་འཕར་བ་དང་བསྡོམས་འབོར་དུང་ཕྱུར་1.3ཟིན་ཡོད། གསར་དུ་འཕར་བའི་ཁྲོམ་རའི་བྱེད་པོས་འཕེལ་རྒྱས་འགྲོ་ཤུགས་ཆེ་ཙམ་རྒྱུན་འཁྱོངས་བྱས་པ་དང་ད་ཕན་ལོ་ཤས་རིང་གསར་དུ་འཕར་བའི་ཁྲོམ་རའི་བྱེད་པོས་ན་ནིང་ཁྲལ་འཇལ་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་2.5འཕར་ཡོད་པ་རེད། ཁྲོམ་རའི་བྱེད་པོ་དུང་ཕྱུར་གཅིག་ལྷག་ཙམ་བརྟན་པོ་བྱུང་བར་བརྟེན་ལས་ཞུགས་བརྟན་པོ་བྱུང་བ་དང་དམངས་འཚོ་འགན་ལེན་ཐུབ་ནས་དཔལ་འབྱོར་གྱི་རྩ་བ་བརྟན་པོ་ཡོང་བར་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ཡོད།
    ལི་ཁེ་ཆང་གིས་བསྟན་གནང་དོན། ཀྲུང་གོའི་དཔལ་འབྱོར་དེ་འཛམ་གླིང་གི་དཔལ་འབྱོར་དང་མཉམ་འདྲེས་གཏིང་ཟབ་ཐུབ་ཡོད་ཅིང་། སྒྱུར་བཅོས་སྒོ་དབྱེ་ནི་ཀྲུང་གོས་དེང་རབས་ཅན་མངོན་འགྱུར་བྱེད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། ཀྲུང་གོས་སྒོ་དབྱེའི་ཁྲོད་འཕེལ་རྒྱས་མངོན་འགྱུར་དང་སྒོ་དབྱེའི་ཁྲོད་རང་ངོས་འཕེལ་རྒྱས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། ང་ཚོས་ཕྱི་ཕྱོགས་སྒོ་དབྱེའི་ཆོད་སེམས་རྒྱུན་འཁྱོངས་བྱས་ཏེ་ཚོང་དོན་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་རྒྱུ་ཡིན། ཕྱོགས་ཁག་གིས་ཕ་རོལ་པོའི་ཁ་ཕྱོགས་དང་བསྟུན་ནས་ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་སོགས་རྒྱལ་སྤྱིའི་ཐུན་མོང་ངོས་འཛིན་ལ་སྲུང་སྐྱོང་བྱས་ཏེ་ཐུན་མོང་ཐོག་སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཚོང་དོན་ལམ་སྲོལ་དང་དེ་བཞིན་དྲང་གཞག་འགྲན་རྩོད་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀྱིས་མི་རིང་བའི་གོང་དུ་མ་འཇོག་གི་གྲོས་དན་གྲོས་མོལ་དུས་བཀག་ལྟར་ལེགས་སྒྲུབ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དེ་ཐོག་ནས་ཀྲུང་གོ་དང་ཡོ་རོབ་ཀྱིས་རྒྱལ་སྤྱིའི་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་པའི་ཐུན་མོང་གི་འབད་བརྩོན་དང་དཔལ་འབྱོར་ཚོང་དོན་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བའི་ཐུན་མོང་གི་འདུན་པ་མཚོན་ཡོད།
    རིམས་འགོག་སྨན་ཁབ་ཀྱི་མཉམ་ལས་སྐོར་ལ། ལི་ཁེ་ཆང་གིས་གསུངས་དོན། རིམས་འགོག་སྨན་ཁབ་ནི་གོ་ལ་ཧྲིལ་པོའི་རིམས་ནད་ལས་རྣམ་པར་རྒྱལ་བའི་མཐར་ཐུག་གི་གོ་མཚོན་དེ་ཡིན་ལ། འབྲེལ་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ཀྱང་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་སྨན་ཁབ་གོ་ལ་ཅན་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཡོ་རོབ་ཀྱི་གསོ་བ་རིག་པའི་ཁེ་ལས་སོགས་ཀྱིས་ཀྲུང་གོའི་ཁེ་ལས་དང་མཉམ་དུ་རིམས་འགོག་སྨན་ཁབ་ཐོན་སྐྱེད་ལེགས་སྒྲུབ་བྱས་པ་དེ་ཐོག་ནས་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་མཁོ་སྦྲེལ་བརྟན་པོ་ཡོང་བར་སྲུང་སྐྱོང་བྱེད་རྒྱུ་དེ་རྒྱལ་ཁབ་ཁག་གི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་མིའི་རིགས་ཀྱི་བདེ་ཐང་དང་བདེ་རྩ་སྲུང་སྐྱོང་བྱེད་པར་གལ་འགངས་ཆེན་པོ་ཡོད་པ་སླར་ཡང་ར་སྤྲོད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཕྱོགས་ཁག་དང་རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་ཀྱི་བདེ་ཐང་དང་བདེ་འཇགས་སྔར་བས་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་ཡིན།
    གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་ལི་ཁེ་ཆང་གིས་གསུངས་དོན། མིའི་རིགས་ལ་ས་གོ་ལའི་ཁྱིམ་གཞིས་གཅིག་ལས་མེད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་ཕྱིར་འབུད་དང་སྦགས་བཙོག་ཉུང་དུ་གཏོང་རྒྱུར་འབད་བརྩོན་བྱེད་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རིང་མིན་གོང་དུ་2030ལོའི་གོང་དུ་ཀྲུང་གོའི་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་མང་ཤོས་སུ་སླེབས་པ་དང་2060ལོའི་གོང་དུ་ཐཱན་དོ་སྙོམས་ཡོང་བའི་བརྩོན་ལེན་བྱ་ཆེད་ཀྲུང་གོ་སྲིད་གཞུང་གིས་ལམ་རིས་བཟོ་བཞིན་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད། བཟོ་སྐྲུན་ལས་རིགས་ཀྱི་རྒྱབ་ཁབ་ཆེ་མོ་ཞིག་ཡིན་པའི་ཀྲུང་གོས་ད་ཆ་གསོག་འཇོག་བྱས་པའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་རྒྱུའི་གྲུབ་ཆའི་ཐཱན་ཉུང་ཕྱོགས་སྒྱུར་དང་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱི་ལྗང་མདོག་འཕེལ་རྒྱས་དང་། གྲངས་འཛིན་དཔལ་འབྱོར། རིག་ནུས་བཟོ་སྐྲུན་བཅས་ཀྱི་མཉམ་ལས་ཀྱི་མདུན་ལམ་ཡངས་བས་ཡོ་རོབ་ཕྱོགས་ཀྱིས་ནུས་རྒྱུ་གཙང་མའི་ལག་རྩལ་སོགས་ཀྱི་ཐད་ནས་ཀྲུང་གོར་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་རེ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་འབྲེལ་ཡོད་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མིའི་རིགས་ཡོངས་ལ་ཕན་བདེ་དེ་བས་ཡག་པ་བསྐྲུན་འདོད་ཡོད།

  
style="display:none;"