མི་དམངས་དྲ་བ།

༄༅།།ཝང་དབྱང་གིས་ཆོས་ལུགས་ཚོགས་པའི་འགན་འཁུར་བ་དང་མཉམ་དུ་དཔྱིད་གསར་བསུས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་08ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཝང་དབྱང་གིས་ཆོས་ལུགས་ཚོགས་པའི་འགན་འཁུར་བ་དང་མཉམ་དུ་དཔྱིད་གསར་བསུས་པ།

    མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་7ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་པེ་ཅིང་དུ་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བའི་དཔྱིད་གསར་དུས་ཆེན་བསུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་གནང་། 
   ཝང་དབྱང་གིས་ཐོག་མར་ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚབ་ཞུས་ནས། རྒྱལ་ཡོངས་ཆོས་ལུགས་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད། ཝང་དབྱང་གིས་ཆོས་ལུགས་ཚོགས་པ་ཁག་གིས་2020ལོར་བསྒྲུབས་པའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། 2021ལོའི་ལས་དོན་ལ་རེ་བ་ནན་པོ་བཏོན་གནང་བ་རེད། ཁོང་གིས་ཆོས་ལུགས་ཚོགས་པ་ཁག་གིས་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་ལས་དོན་ལ་བསམ་གཞིག་དང་ཇུས་འགོད་བྱེད་པ་དང་། དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་གྱི་འཕེལ་རྒྱས་ལ་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གོ་སྐབས་སུ་བྱས་ནས། རང་རྒྱལ་གྱི་ཆོས་ལུགས་ལས་རིགས་དང་ཀྲུང་གོའི་གུང་ཁྲན་ཏང་དབར་མཐུན་སྒྲིལ་མཉམ་ལས་དང་ཕྱར་བ་གྲུ་འདེགས་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་“ངོས་འཛིན་གཅིག་མཐུན་ལྔ”ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་། ཆོས་ལུགས་ཀྱི་གསུང་རབ་ཞིབ་འཇུག་དང་འཆད་འགྲེལ་ལ་ཤུགས་སྣོན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཆོས་ལུགས་བསམ་བློའི་མ་ལག་རིམ་བཞིན་འཛུགས་པ་བཅས་བྱས་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་དེ་བས་འཚམ་མཐུན་བྱེད་དགོས། ཆོས་ལུགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་མངོན་གསལ་ཆེ་བའི་གནས་སུ་བཞག་ནས་ཆོས་ལུགས་སློབ་གྲྭའི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པར་བྱས་ཏེ་གཞི་ཁྱོན་འོས་ཤིང་འཚམ་པ་དང་། སྤུས་ཚད་ལེགས་པ། སྐས་རིམ་ལུགས་མཐུན་བཅས་ཡིན་པའི་ཆོས་ལུགས་ཀྱི་ལས་དོན་མི་སྣའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱ་དགོས། ནང་ཁུལ་གྱི་ལམ་ལུགས་དང་ཚད་གཞི་སྔར་བས་འཐུས་ཚང་དུ་བཏང་སྟེ། སྒྲིག་སྲོལ་ལྟར་དོ་དམ་དང་རང་ངོས་དོ་དམ་བྱེད་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། ཆོས་ལུགས་ཀྱི་ཟང་ཟིང་སྣང་ཚུལ་སྣ་ཚོགས་དང་འཐབ་རྩོད་ཁྲོད་ཆོས་ལུགས་ཚོགས་པའི་ཤུགས་རྐྱེན་ཐེབས་ཤུགས་དང་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་དགོས། དཔྱིད་གསར་དུས་ཆེན་རིང་རྒྱུན་སྲོལ་རང་བཞིན་གྱི་ཆོས་ལུགས་བྱེད་སྒོ་བལྟོས་བཅས་ཀྱིས་གཅིག་སྡུད་ཆེ་བས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་གཅིག་སྡུད་ཉུང་ཙམ་དང་འགྲོ་སྐྱོད་ཉུང་ཙམ་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས། 
   ཝང་དབྱང་གིས་ཆོས་ལུགས་ཚོགས་པ་ནི་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་ལྟ་བུ་ཞིག་རེད། ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཆོས་ལུགས་ལས་དོན་ལ་མཐོང་ཆེན་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་མཐུན་སྒྲིལ་མཉམ་ལས་བྱེད་པར་མཐོང་ཆེན་བྱས་ཡོད། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཁག་ཁག་གིས་ཆོས་ལུགས་ལས་རིགས་དང་འབྲེལ་གཏུག་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆོས་ལུགས་ཚོགས་པས་ལས་དོན་སྒྲུབ་པར་རྒྱབ་སྐྱོར་བྱས་ཏེ་དཀའ་ངལ་དངོས་སེལ་རོགས་བྱ་དགོས། 
   ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་བཞུགས་མོལ་ཚོགས་འདུར་ཞུགས།  ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་། ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས། ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས། ཀྲུང་གོ་གནམ་བདག་ཆོས་ལུགས་རྒྱལ་གཅེས་ལྷན་ཚོགས། ཀྲུང་གོ་ཡེ་ཤུའི་ཆོས་ལུགས་རང་གསུམ་རྒྱལ་གཅེས་ལས་འགུལ་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཞུགས་མོལ་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད། 

  
style="display:none;"