མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་སྤེལ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་02ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་སྤེལ་ནས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་བསྟན་པ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་1ཉིན་དཔེ་སྐྲུན་བྱས་པའི་འདོན་ཐེངས་ལྔ་པའི《བདེན་འཚོལ》དུས་དེབ་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་ཐུབ་པ་བྱེད་དགོས》ཞེས་པ་སྤེལ་ཡོད།
   རྩོམ་ཡིག་ནང་། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་གཏོང་བར་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་དེ་བཞིན་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་སྐྲུན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་སྐྲུན་པའི་སྤྱིའི་དམིགས་ཚད་ལ་དམིགས་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་བཅས་ཕན་ཚུན་གཅིག་ལ་གཅིག་རྟེན་ངང་གཅིག་གྱུར་ཡོང་བར་བྱེད་པ་དང་། ཁྲིམས་སྐྱོང་ཁྱབ་ཁོངས་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་ཤུགས་རྒྱག་སར་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་པ། ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
   རྩོམ་ཡིག་ནང་། རང་རེའི་ཏང་གིས་སྔར་ནས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་འགོ་ཁྲིད་ཀྱི་ནུས་པ་སྔར་བས་སྟོབས་དང་ལྡན་པ་དང་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་སྤྱིའི་བཀོད་པ་ཞིག་སྤྱིར་ན་ཆགས་ཏེ། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་ལག་ལེན་ཐད་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅེས་བསྟན་ཡོད།
   རྩོམ་ཡིག་ནང་། མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་གཏོང་བར་གཙོ་གནད་ཐོག་གཤམ་གསལ་གྱི་ལས་དོན་ཁག་ལ་དམ་འཛིན་བྱེད་དགོས་པ་སྟེ། གཅིག་ནས་ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ་དང་། གཉིས་ནས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། གསུམ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་མཐའ་འཁྱོངས་བྱེད་དགོས་པ། བཞི་ནས་རྩ་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་བཞིན་སྲིད་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ལྔ་ནས་ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། དྲུག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་བསྐྲུན་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། བདུན་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་དང་། ཁྲིམས་བཞིན་སྲིད་འཛིན་པ། ཁྲིམས་བཞིན་སྲིད་ལག་བསྟར་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཅན་བསྐྲུན་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། བརྒྱད་ནས་ཚན་རིག་དང་མཐུན་པའི་ངང་ཁྲིམས་འཛུགས་པ་དང་། ཁྲིམས་ལག་བསྟར་ནན་པོ་བྱེད་པ། དྲང་གཞག་ངང་ཁྲིམས་འཛིན་པ། དམངས་ཡོངས་ཀྱིས་བཅའ་ཁྲིམས་སྲུང་བ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། དགུ་ནས་རྒྱལ་ནང་གི་ཁྲིམས་སྐྱོང་དང་ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། བཅུ་ནས་སྤྱོད་ཡོན་གཉིས་ལྡན་གྱི་སྤུས་ཚད་མཐོ་བའི་ཁྲིམས་སྐྱོང་ལས་དོན་དཔུང་ཁག་འཛུགས་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། བཅུ་གཅིག་ནས་འགོ་ཁྲིད་ལས་བྱེད་པའི“འགག་རྩའི་ཉུང་ཤས”དེར་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་བཅས་ཡིན་པ་འཁོད་ཡོད།
   རྩོམ་ཡིག་ནང་། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་འཕོ་འགྱུར་ཆེན་པོ་ཞིག་ཡིན་པས། ངེས་པར་དུ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་མཛུབ་ཁྲིད་བྱེད་པ་དང་རིགས་པའི་གཞུང་ལུགས་ཀྱིས་བསམ་གཞིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས་ཟུང་འབྲེལ་བྱས་ནས་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་བྱེད་པ་དང་། དུས་རབས་གསར་པར་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཏང་གི་བསམ་བློའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ལ་ཕྱོགས་སྡོམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པར་བརྟེན་ནས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་ལས་དོན་ཁག་ལ་སྔར་བས་མཛུབ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་ཡོད།

  
style="display:none;"