མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་ལས་བྱེད་པའི་
གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་03ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་3ཚེས་1ཉིན། 2021ལོའི་དཔྱིད་ཀའི་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་པ་རེད། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བཞིན་པ།

ཟླ་3ཚེས་1ཉིན། 2021ལོའི་དཔྱིད་ཀའི་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་པ་རེད། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བཞིན་པ།

   ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ།
ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོའི་རྒྱུན་འཛིན་པ་རྣམ་དག་ཅིག་ཧུར་ཐག་བྱས་ཏེ་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་དང་བྱས་རྗེས་འཇོག་དགོས་ཞེས་ནན་བཤད་གནང་བ།
   ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་1ཉིན་གྱི་སྔ་དྲོ། 2021ལོའི་དཔྱིད་ཀའི་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ། འདས་པ་དང་། ད་ཆ། མ་འོངས་པ་བཅས་གང་ཞིག་གི་དུས་སུའང་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་ནི་ང་ཚོས་དཀའ་ཚེགས་ལ་མི་སྐྲག་པ་དང་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་ལ་སྐུལ་ལྕག་གཏོང་བའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་རེད། གཞོན་ནུ་ལས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཤུལ་འཛིན་པ་ཡིན་པས། ངེས་པར་དུ་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོའི་རྒྱུན་འཛིན་པ་རྣམ་དག་ཅིག་ཧུར་ཐག་བྱས་ཏེ་བློ་སྟོབས་དང་། བློ་རྩ་བརྟན་ཤུགས། རང་གཅུན་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། དུས་རབས་གསར་པར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་དང་བྱས་རྗེས་བཞག་ནས་ཏང་དང་། མི་དམངས། དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་ཧུར་ཐག་འཇོག་དགོས་ཞེས་ནན་བཤད་གནང་བ་རེད།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་སློབ་འགོ་ཚུགས་པའི་མཛད་སྒོར་ཞུཌ་པ་རེད།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་གྲུབ་འབྲས་རླབས་པོ་ཆེ་ཐོབ་པའི་ཆེས་གལ་འགངས་ཆེ་ཤོས་ཤིག་ནི་རང་རེའི་ཏང་གིས་ཡུན་རིང་ལག་ལེན་ཁྲོད་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་ཆ་ཚང་པོ་ཞིག་སྐྱེད་སྲིང་བྱས་པ་མ་ཟད་མཐའ་འཁྱོངས་ཀྱང་བྱས་པས་ཡིན། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དེ་དག་ནི་རང་རེའི་ཏང་གི་ངོ་བོ་དང་དམིགས་ཡུལ་གྱི་གཅིག་སྡུད་མངོན་ཚུལ་ཞིག་ཡིན་ལ། དེ་ནི་རང་རེའི་ཏང་འདི་ཉིད་སྲིད་ཏང་གཞན་དང་མི་འདྲ་བའི་མངོན་གསལ་དོད་པའི་མཚོན་རྟགས་ཤིག་ཀྱང་ཡིན། ཏང་ལ་མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་པ་བྱེད་པར། ངེས་པར་དུ་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་སྲིང་ལྷོད་མེད་ངང་དར་སྤེལ་གཏོང་དགོས།
   ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སུ་སླེབས་ཡོད་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བདེ་བླག་ངང་འགོ་ཚུགས་པ་དང་ཆབས་ཅིག་མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོར་སྔར་བཞིན་དཀའ་གནད་དང་འགྲན་སློང་མང་པོ་འཕྲད་བཞིན་ཡོད། ཉེན་ཁ་ཇི་ཙམ་ཆེ་ན་འགྲན་སློང་དེ་ཙམ་གྱིས་མང་བ་དང་། ལས་འགན་ཇི་ཙམ་ལྕི་ན་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་དེ་ཙམ་གྱིས་ཤུགས་སྣོན་རྒྱག་དགོས། སྤྱོད་ཚུལ་བཟང་པོས་སྙིང་སྟོབས་འཕེལ་བ་དང་། བློ་སྟོབས་ཆེ་རུ་འགྲོ་བ། གཟུགས་བརྙན་གཏོད་ཐུབ་པ། དམངས་སེམས་ཐོབ་པ་བཅས་ཡོང་ཐུབ།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་ནི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་གཤིས་རྒྱུད་གཙོ་བོ་དེ་ཡིན། རང་རེའི་ཏང་གིས་བསྐྱོད་པའི་ལམ་བུའི་ཐོག་ཉེན་ཁ་དང་དཀའ་ཚེགས་གྲངས་མེད་བརྒྱུད་མོད། འོན་ཀྱང་དཀའ་ངལ་གང་འདྲ་ཞིག་གིས་ཀྱང་ང་ཚོ་ཕམ་ཉེས་སུ་བཏང་མེད་ལ། དགྲ་བོ་སུ་འདྲ་ཞིག་གིས་ཀྱང་ང་ཚོ་གཏོར་ཕམ་གཏོང་ཐུབ་མེད། དེ་ནི་ཏང་ཡོན་ཁྲི་སྟོང་མང་པོའི་ལྷག་བསམ་ལ་བརྟེན་པས་ཡིན། ཏང་ལ་ལྷག་བསམ་རྣམ་དག་བྱེད་པར་ངེས་པར་དུ་བློ་གཅིག་སེམས་གཅིག་དང་རྒྱུན་སྲིང་ལྷོད་མེད་བྱེད་དགོས་ལ་ངེས་པར་དུ་ཁ་ཞེ་གཉིས་མེད་དང་བསམ་སྤྱོད་གཅིག་གྱུར་བྱེད་དགོས། དུས་བབ་གང་ཞིག་གི་འོག་ཏུའང་བསམ་འདུན་མི་འགྱུར་བ་དང་། བློ་སྟོབས་མི་ཉམས་པ། སྤྱོད་བཟང་མི་ཉམས་པ་བཅས་བྱེད་དགོས། གཞོན་ནུ་ལས་བྱེད་པ་ཚོས་སྔོན་བྱོན་དང་སྔོན་གཤེགས་དཔའ་བོ་མིག་དཔེར་བྱེད་པ་དང་། ལྡོག་ཕྱོགས་ཀྱི་དཔེ་མཚོན་སྤང་བྱར་བཟུང་ནས་དད་སེམས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། བསམ་པའི་ཀལ་གསབ་པ། བསམ་པའི་ཁ་ཕྱོགས་སྟངས་འཛིན་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དང་དད་སེམས་ལ་བརྟེན་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་དགོས། རང་རྟོགས་ངང་ཆབ་སྲིད་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྦྱོང་བརྡར་ནན་པོ་དང་ལེན་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཐོག་རང་ཉིད་ཀྱི་ཆབ་སྲིད་ནུས་པ་དེ་འཁུར་བའི་ལས་ཀའི་འགན་འཁྲི་དང་གཅིག་མཐུན་ཡོང་བ་བྱེད་དགོས། ཏང་གི་ཆེད་སེམས་ཁྲལ་སེལ་བ་དང་། རྒྱལ་ཁབ་ཀྱི་ཆེད་ལས་འགན་སྒྲུབ་པ། མི་དམངས་ཀྱི་ཆེད་ལེགས་སྐྱེས་འབུལ་བ། དཀའ་སྡུག་བཟོད་པ་དང་ལས་འགན་ལྕི་པོ་འཁུར་བ། ཉེན་ཁ་ཐེག་པ་བཅས་ཕོད་པར་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་ལུགས་་མཚོན་པར་བྱེད་དགོས།
   ཞི་ཅིན་ཕིང་གིས་བསྟན་དོན། རང་རེའི་ཏང་གི་ལོ་རྒྱུས་ལས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱ་རྒྱུ་ག་དུས་ཡག་པོ་བྱུང་ན་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་རྒྱལ་ཁ་ཟམ་མི་ཆད་པར་ཐོབ་ཐུབ་པ་དང་། དེ་ལས་ལྡོག་ཚེ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་གྱོང་གུན་ཕོག་པ་མ་ཟད། ཐ་ན་བར་ཆད་ཚབས་ཆེན་འཕྲད་སྲིད་པ་ར་སྤྲོད་ཡང་ཡང་བྱུང་ཡོད། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སྔོན་འགྲོ་ནི་རིགས་པའི་གཞུང་ལུགས་ཁོང་དུ་ཆུད་པ་དང་གོ་བ་ལོན་པ་དང་བསམ་བློའི་བདེན་དོན་ཁོང་དུ་ཆུད་པར་བྱེད་དགོས་པ་དེ་རེད། གཞོན་ནུ་ལས་བྱེད་པ་ཚོས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་དང་ལྷག་པར་དུ་དུས་རབས་གསར་པའི་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ལ་དཀའ་སྤྱད་བརྩོན་ཞིབ་བྱས་ཏེ། དེའི་ནང་གི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས། གནས་ལུགས། གཞུང་ལུགས། མཚན་ཉིད་བཅས་ཁོང་དུ་ཧུར་ཐག་ཆུད་པར་བྱས་ནས་དེ་དག་བརྗོད་ཤེས་པས་མ་ཚད་དེའི་དོན་རྟོགས་ཐུབ་པ་དང་དེ་ལྟར་ཡིན་པ་ཤེས་ན་དེ་ལྟར་ཡིན་དགོས་ལུགས་ཀྱང་ཤེས་པ་བྱེད་དགོས། ཏང་གི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་གྲུབ་འབྲས་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་དང་དུས་བསྟུན་མདུན་སྐྱོད་ཀྱིས་སློབ་སྦྱོང་བྱེད་དགོས། ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཐོག་ནས་བསམ་བློའི་བརྟག་ཐབས་ལེགས་སུ་གཏོང་བ་དང་བསམ་བློའི་དཀའ་གནད་སེལ་བ་དང་། རང་ངོས་ཀྱི་བསམ་པའི་སྤྱོད་ཚུལ་དང་བསམ་པའི་ཉམས་འགྱུར་ལ་ཞིབ་བཤེར་བྱེད་པ། ཡང་དག་པའི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ། དབང་ཆའི་ལྟ་བ། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་བརྟན་པོ་བཙུགས་ཏེ། རང་ཉིད་ཀྱི་བསམ་བློ་གཏོང་སྟངས་དང་བསམ་པའི་འཇིག་རྟེན་དེ་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་དེ་བས་འཚམ་པ་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་དམ་པ་དོན་གཉེར་མཐའ་འཁྱོངས་བྱས་ཏེ་དོན་དངོས་དང་བསྟུན་ནས་བྱ་གཞག་དང་ལས་དོན་ཇུས་འགོད་བྱེད་པ་དང་། བཏོན་པའི་བྱ་ཐབས་དང་། སྲིད་ཇུས། ཇུས་གཞི་བཅས་དོན་དངོས་ཀྱི་གནས་ཚུལ་དང་། ཕྱི་རོལ་ཡུལ་གྱི་ཆོས་ཉིད། ཚན་རིག་དང་མཐུན་པའི་སྙིང་སྟོབས་བཅས་དང་འཚམ་པར་བྱས་ཏེ་གསར་གཏོད་རང་བཞིན་གྱི་ལས་དོན་གྱི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། དངོས་འཛིན་དངོས་སྒྲུབ་དང་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལས་དོན་ཐམས་ཅད་ཏན་ཏིག་སྒྲུབ་པ་དང་། ཕན་འབྲས་དངོས་ཐོན་པ་བྱེད་པ། ཚད་བརྒལ་གྱི་རེ་བ་མི་འཆང་བ། དོན་དངོས་དང་ཁ་མི་འབྲལ་བ་བཅས་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་དགོས། མི་གཞུང་དྲང་ཞིག་བྱེད་པ་དང་། སྐད་ཆ་དྲང་པོ་ཤོད་པ། བྱ་བ་ཡག་པོ་སྒྲུབ་པ་བཅས་མི་ཚེའི་དམ་ཚིག་ཏུ་བཟུང་དགོས། དེ་ལྟར་བྱས་ན་ལས་དོན་ཐམས་ཅད་གཞི་ནས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་ཐུབ།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་དམངས་ནི་རང་རེའི་ཏང་གི་སྟོབས་ཤུགས་ཀྱི་འབྱུང་རྩ་ཡིན། རང་རེའི་ཏང་གི་རྩ་བ་མི་དམངས་ལ་ཐུག་ཅིང་ཁྲག་རྒྱུན་མི་དམངས་དང་འདྲེས་ཡོད་པས། ངེས་པར་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་དགོས། གུང་ཁྲན་ཏང་གི་ལས་བྱེད་པ་ཚོས“མི་སེར་ལ་ཕན་པའི་དཔོན་པོ”བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་ཉིད་མི་སེར་ལ་བརྩི་བ་ལས་དཔོན་པོ་དང་སྐུ་ངོ་བྱེད་མི་རུང་། དེའི་ཐད་གཞོན་ནུ་ལས་བྱེད་པ་ཚོས་ཐོག་མ་ཉིད་ནས་བསམ་བློ་ཡག་པོ་གཏོང་དགོས་ལ་ཚེ་གང་སེམས་ལ་ངེས་དགོས། གཞོན་ནུ་ལས་བྱེད་པ་ཚོས་མིའི་དབར་འབྲེལ་བ་བྱེད་སྟངས་ཡིན་ནའང་འདྲ་ཡང་ན་སྲིད་ཞུགས་ལས་སྒྲུབ་གང་ཞིག་ཡིན་རུང་། དང་ཐོག་མར“ང་སུ་ཡིན་པ་དང་། སུའི་ཆེད་དུ་ཡིན་པ། སུ་ལ་བརྟེན་དགོས་པ”བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བའི་བསམ་བློའི་གོ་རྟོགས་ཟམ་མི་ཆད་པར་དོན་གཉེར་བྱེད་དགོས། རང་ཉིད་སློབ་མ་ཆུང་ཆུང་ཞིག་ཏུ་བརྩིས་ནས་མི་དམངས་དགེ་རྒན་དུ་བསྟེན་པ་དང་། ལྷག་པར་དུ་བློ་གཏད་བཅོལ་སའི་གཞི་རིམ་གྱི་གྲོགས་པོ་འགའ་བསྒྲིགས་ན་དོན་དངོས་ཀྱི་གནས་ཚུལ་ཤེས་རྟོགས་བྱ་རྒྱུར་ཕན་ཐོགས་ཡོད་ལ། ལས་དོན་ཡག་པོ་བསྒྲུབ་རྒྱུར་ཡང་ཕན་ཐོགས་ཡོད། རང་རེའི་ཏང་གིས་མི་དམངས་ཆེད་བདེ་སྐྱིད་དོན་གཉེར་དང་མི་རིགས་ཆེད་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ། ཏང་གིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་བརྟན་སྲུང་གིས་སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་དཀའ་ངལ་དང་། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་མང་ཚོགས་ལ་དེ་བས་མང་བ་དང་། དེ་བས་ཐད་ཀར། དེ་བས་ཏན་ཏིག་བཅས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཐོབ་པར་བྱེད་དགོས།
   ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོ་གུང་ཁྲན་ཏང་མིས་རང་སྐྱོན་རང་བརྗོད་བྱེད་པའི་རྩ་བའི་སྒུལ་ཤུགས་དེ་ཏང་གཤིས་ལས་བྱུང་བ་ཞིག་དང་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ལས་བྱུང་བ་ཞིག་ཡིན། གཞོན་ནུ་ལས་བྱེད་པ་ཚོར་རང་སྐྱོན་ཞིབ་བརྗོད་དུས་ཐོག་ཏུ་བྱེད་པའི་རང་རྟོགས་ཡོད་དགོས་པ་དང་། རྒྱུན་དུ་ཏང་གི་རིགས་པའི་གཞུང་ལུགས་དང་། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས། ཐོག་མའི་བསམ་འདུན་དང་འགན་འཁྲི། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་བཅས་དང་བསྡུར་བ་བྱས་ཏེ་རང་ངོས་ཀྱི་སྐྱོན་ཆ་དང་མི་འདང་ས་རང་འགུལ་ངང་འཚོལ་ཕོད་པ་དང་ཡོ་བསྲང་བྱེད་དགོས། ཏང་དང་། བྱ་གཞག བློ་མཐུན་བཅས་ལ་ཚད་མཐོའི་འགན་ཁུར་བའི་བསམ་པའི་ཐོག་ནས་བློ་ཁོག་ཆེན་པོས་སྐྱོན་བརྗོད་བྱས་ཏེ། བློ་མཐུན་གྱི་མི་འདང་བའི་ཆ་འཚོལ་རོགས་དང་། ནོར་འཁྲུལ་ཡོ་བསྲང་བྱེད་རོགས་བྱས་ནས། བློ་མཐུན་ལ་མཐུན་སྒྲིལ་བྱས་ཏེ་མདུན་སྐྱོད་བྱེད་དགོས། ཁེངས་སྐྱུང་ངང་སྐྱོན་བརྗོད་དང་ལེན་བྱེད་པའི་ཁོག་རྒྱ་དང་བློ་སྟོབས་ཐོག་ནས། ཁོག་ཡངས་དཀྱེལ་ཆེ་དང་ཟོལ་མེད་དང་ལེན་བྱེད་པ་དང་ནོར་འཁྲུལ་ཡོད་ན་ཡོ་བསྲང་དང་ནོར་འཁྲུལ་མེད་ན་དོགས་ཟོན་བྱེད་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཐབ་རྩོད་བྱེད་ཕོད་པ་ནི་རང་རེའི་ཏང་གི་མངོན་གསལ་དོད་པའི་སྤྱོད་ཚུལ་ཞིག་རེད། རང་རེའི་ཏང་གིས་འཐབ་རྩོད་ལ་བརྟེན་ནས་ད་བར་སོང་བ་དང་འཐབ་རྩོད་ལ་བརྟེན་ནས་མ་འོངས་པར་རྒྱལ་ཁ་ཐོབ་རྒྱུ་ངེས་གཏན་རེད། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འགོ་ཚུགས་སྐབས་སུ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱེད་པར། འཕྲད་པའི་ཉེན་ཁ་དང་ཚོད་བགམ་དེ་སྔོན་ལས་ཉུང་བ་མེད། གཞོན་ནུ་ལས་བྱེད་པ་ཚོས་རང་རྟོགས་ངང་འཐབ་རྩོད་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་སྟེ། འཐབ་རྩོད་ཁྲོད་ནས་འཐབ་རྩོད་ཤེས་པ་དང་འཐབ་རྩོད་ཁྲོད་ནས་འཚར་ལོངས་ཡོང་བ་བྱས་ནས་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་དཔའ་རྒོད་ཅིག་ཏུ་ཧུར་ཐག་འགྱུར་བར་བྱེད་དགོས། འཐབ་རྩོད་ཀྱི་བློ་སྟོབས་ཆེ་རུ་བཏང་ནས། དཔའ་ངར་ཞུམ་མེད་ངང་མདུན་སྐྱོད་བྱེད་པ་ལས། བར་ཆད་ཕྲན་བུ་འཕྲད་མ་ཐག་དཔའ་ཞུམ་ནས་མདུན་དུ་སྐྱོད་མི་ཕོད་པ་དང་དཀའ་ངལ་ཏོག་ཙམ་འཕྲད་མ་ཐག་ཕྱིར་བཤོལ་བྱེད་པ་སོགས་གཏན་ནས་བྱེད་མི་རུང་། འཐབ་རྩོད་བྱེད་མཁས་པ་དང་འཐབ་རྩོད་བྱེད་ཤེས་པ་བྱས་ཏེ་ཕྲ་མཐོང་ཆེ་ཤེལ་ལྟ་བུའི་ནུས་པ་ཆེ་རུ་གཏོང་བ་དང་། སྣང་ཚུལ་གྱི་ཐོག་ནས་ངོ་བོར་ལྟ་བ། གནད་ལ་འཁེལ་བའི་སྒོ་ནས་འགྱུར་ལྡོག་ལ་ངོས་འཛིན། ཚན་རིག་དང་མཐུན་པའི་སྒོ་ནས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རང་འགུལ་ངང་འགྱུར་ལྡོག་གཏོང་བ་བཅས་བྱས་ནས་སྔོན་ལ་གསལ་རྟོགས་དང་དགེ་སྤེལ་སྐྱོན་སྤངས་བྱེད་དགོས། འཐབ་ཇུས་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་དུས་བབ་ཆེན་པོའི་འཕེལ་ཕྱོགས་སྟངས་འཛིན་བྱེད་པ་དང་། འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོར་དམ་འཛིན་བྱེད་པ། གལ་ཆེ་ཆུང་དང་དལ་བྲེལ་དབྱེ་བ་གསལ་པོ་འབྱེད་པ། ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བཅས་བྱས་ཏེ་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས། མཐའ་ཚད་ཀྱི་བསམ་བློར་ཤུགས་སྣོན་བརྒྱབ་ནས་དུས་བཀག་ལྟར་ཉེན་ཁའི་རྒྱུ་རྐྱེན་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་དགོས། དོན་རེ་བརྒྱུད་ནས་ཉམས་མྱོང་རེ་གསོག་འཇོག་བྱེད་མཁས་པོ་བྱེད་པ་དང་། འདི་ནས་དེ་ཤེས་པ་བྱེད་པ། གཅིག་ཤེས་ཀུན་གྲོལ་བཅས་བྱས་ཏེ་འཐབ་རྩོད་ཀྱི་འཇོན་ཐང་ངོ་མ་དང་དྲག་རྩལ་ངོ་མ་སྦྱོང་དགོས།
   ཞི་ཅིན་ཕིང་གིས་བསྟན་དོན། གཞོན་ནུ་ལས་བྱེད་པ་ཚོས་དཀའ་སྤྱད་འབད་འཐབ་ཀྱི་རྒྱུག་མཐུད་དབྱུག་པ་བླངས་ནས། ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་འགྱུར་དང་ནམ་ཡང་ལྷོད་གཡེང་མི་གཏོང་བའི་བསམ་པའི་ཉམས་འགྱུར་བཅངས་ནས། འགན་འཁྲི་ལྕི་པོ་འཁུར་ཕོད་པ་དང་དཀའ་སྤྱད་དངོས་སྒྲུབ་བྱས་ཏེ། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཏང་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འབད་འཐབ་ཀྱི་རྐང་རྗེས་འཇོག་དགོས། གྲོན་ཆུང་བབ་ཆགས་བྱེད་པ་དང་བག་མེད་ཆུད་ཟོས་སྤོང་བ་ནི་རང་རེའི་ཏང་གི་རྩ་ཆེའི་ཕ་ནོར་ལྟ་བུ་ཡིན། ད་ལྟ་ང་ཚོའི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་མོད། འོན་ཀྱང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་ཅུང་ཟད་ཙམ་ཡང་མི་ཉམས་པར་བྱས་ཏེ་ངེས་པར་དུ་གྲོན་ཆུང་ལ་བརྟེན་ནས་རང་གཅུན་དང་། གྲོན་ཆུང་ལ་བརྟེན་ནས་ལས་དར། གྲོན་ཆུང་བསྲི་ཚགས་དང་བརྩོན་འགྲུས་ལ་བརྟེན་ནས་བྱ་བ་ཐམས་ཅད་བསྒྲུབ་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས། གཞོན་ནུ་ལས་བྱེད་པ་ཚོས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ལ་ཉེན་བརྡ་བཏང་སྟེ། དགེ་མཚན་ལྡན་ཞིང་བདེ་ཐང་གི་འཚོ་བའི་སྤྲོ་སྣང་འཕེལ་བར་བྱེད་པ་དང་། སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྲོལ་ངན་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་གུང་ཁྲན་ཏང་མིའི་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་རང་གཤིས་ནམ་ཡང་གནས་ཐུབ་པར་བྱེད་དགོས།
   ཁྲེན་ཤིས་ཀྱིས་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་དེ་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་བྱ་རྒྱུ་དང་ཟུལ་འབྲེལ་བྱས་ཏེ། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་བདེན་དོན་གྱི་སྟོབས་ཤུགས་དང་། ལག་ལེན་གྱི་སྟོབས་ཤུགས། མི་གཤིས་ཀྱི་སྟོབས་ཤུགས་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་སློབ་སྦྱོང་དང་དར་སྤེལ་གཏོང་བའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།
   ཏིང་ཞུའེ་ཞང་དང་ཧོང་ཁུན་མིང་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ཡོད་པ་རེད།
   2021ལོའི་དཔྱིད་ཀའི་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མ་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སློབ་འགོ་ཚུགས་པའི་མཛད་སྒོར་ཟུར་ཞུགས་གནང་ཡོད་པ་རེད།

  
style="display:none;"