མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་
འདུའི་ཐོག་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་04ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཧུའུ་ཁྲུན་ཧྭ་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ།
   ■ དཔྱིད་དུས་ཀྱི་ཞིང་ནང་གཡོག་བྱེད་དང་དཔྱིད་རྨོད་རྨོད་གྲབས་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཚབས་ཆེ་བའི་སྲོག་ཆགས་ཀྱི་ནད་ཡམས་དང་ནད་འབུའི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབས་ནས་རྒྱལ་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་ཞོར་ཐོན་རྫས་གལ་ཆེན་མཁོ་སྤྲོད་ནུས་ལྡན་ཐུབ་པའི་འགན་ལེན་ཧུར་ཐག་བྱེད་དགོས།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་2ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཟླ་3ཚེས་2ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད། མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་འཛུགས་ལོར་ཞིང་ལས་གྲོང་གསེབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། མིག་སྔར་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་གཅིག་རྗེས་གཉིས་མཐུད་ངང་སྤེལ་བཞིན་ཡོད་པས་སོ་ནམ་གྱི་དུས་ཚོད་ཛ་དྲག་ཅིང་ལས་འགན་ལྕི་པོ་ཡོད། དེར་བརྟེན་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དཔྱིད་དུས་ཀྱི་ཞིང་ནང་གཡོག་བྱེད་དང་དཔྱིད་རྨོད་རྨོད་གྲབས་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་ལག་རྩལ་གྱི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་ཆབས་ཅིག་ལྷག་དོན་དུ་ཞིང་ལས་མཁོ་ཆས་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཡང་ཡག་པོ་སྒྲུབ་དགོས། འབྲུ་རིགས་བདེ་འཇགས་ཐད་ཏང་སྲིད་ཀྱིས་འགན་འཁྲི་མཉམ་འཁུར་བྱ་རྒྱུ་དོན་འཁྱོལ་བྱེད་པ་དང་། འབྲུ་རིགས་ཐོན་སྐྱེད་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་པས་འབྲུ་རིགས་འདེབས་པ་དང་ས་གནས་སྲིད་གཞུང་གིས་འབྲུ་རིགས་ལ་དམ་འཛིན་བྱེད་པའི་ཧུར་སེམས་འཕེལ་བ་བཅས་བྱས་ཏེ་འབྲུ་རིགས་ཀྱི་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་ཟིན་པའི་འགན་ལེན་བྱེད་དགོས། འདེབས་འཛུགས་ལས་རིགས་ཀྱི་ཡར་ལངས་དམག་འཐབ་ལ་གོམ་པ་བརྟན་པོ་སྤོ་རྒྱུར་སྐུལ་འདེད་གཏོང་བ་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་རྨོ་ཞིང་གི་དམར་ཐིག་ཡག་པོ་སྲུང་དགོས། ཕག་པ་ཐོན་སྐྱེད་བརྟན་པོ་ཡོང་བ་བྱས་ནས་ཚབས་ཆེ་བའི་སྲོག་ཆགས་ཀྱི་ནད་ཡམས་དང་ནད་འབུའི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་ཞོར་ཐོན་རྫས་གལ་ཆེན་མཁོ་སྤྲོད་ནུས་ལྡན་ཡོང་བའི་འགན་ལེན་ཧུར་ཐག་བྱས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཐུབ་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་པ་བཅས་བྱས་ཏེ། འགན་འཁྲི་དང་སྲིད་ཇུས་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་ལོ་ཧྲིལ་པོར་ཞིང་ལས་ལ་ལོ་ལེགས་ཡོང་རྒྱུར་འབད་འཐབ་བྱེད་པ། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོ་མཁོ་སྤྲོད་ནུས་ལྡན་ཡོང་བའི་འགན་ལེན་བཅས་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་ཞིག་འཛུགས་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
   ཧུའུ་ཁྲུན་ཧྭ་ཡིས་གསུངས་དོན། འདི་ལོ་འབྲུ་རིགས་དང་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པའི་དོན་སྙིང་གལ་ཆེ་ལ་ལས་འགན་ཡང་དཀའ་ཚེགས་ཆེ་བས། ངེས་པར་དུ་གནས་བབ་མངོན་གསལ་དོད་ཤོས་སུ་བཞག་ནས་དམ་འཛིན་ནན་པོ་དང་དམ་འཛིན་ཡག་པོ་བྱེད་དགོས། འབྲུ་རིགས་བདེ་འཇགས་ཐད་ཏང་སྲིད་ཀྱིས་འགན་འཁྲི་མཉམ་འཁུར་བྱ་རྒྱུ་དོན་འཁྱོལ་ནན་པོ་བྱེད་པ་དང་འབྲུ་རིགས་དང་ཞིང་ལས་ཐོན་སྐྱེད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཞིང་པའི་ཐོན་སྐྱེད་ཀྱི་ཧུར་སེམས་སྲུང་སྐྱོང་དང་སྐོང་འཐེན་ཡག་པོ་བྱེད་དགོས། འབྲུ་རིགས་ཀྱི་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་ཟིན་རྒྱུ་རྒྱུན་འཁྱོངས་དང་། འབྲུ་རིགས་འདེབས་ཁྱོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། གནོད་འཚེ་འགོག་པ་དང་ལོ་ལེགས་བརྩོན་ལེན་གྱི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ། སྣ་ཁ་དང་སྤུས་ཀའི་གྲུབ་ཆ་ལེགས་སུ་གཏོང་བ་བཅས་བྱས་ནས་འབོར་ཚད་འགན་ལེན་ཐུབ་པའི་རྨང་གཞིའི་ཐོག་སྤུས་ཚད་མཐོ་རུ་གཏོང་དགོས། རྨོ་ཞིང་སྲུང་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་ཉེན་ཟོན་ཐིག་བརྒྱབ་ནས་རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་བསྲུངས་ཏེ་གཏན་འཇགས་ཀྱི་གཞི་རྩའི་ཞིང་ཁའི་རྒྱ་ཁྱོན་འགན་ལེན་བྱེད་དགོས་པ་མ་ཟད། གཙོ་བོ་འབྲུ་རིགས་འདེབས་འཛུགས་ཐད་སྤྱད་དེ་སྤུས་འབོར་གཉིས་ལྡན་གྱིས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱེད་དགོས། ཞིང་ལས་སོན་རྒྱུའི་ཐོན་ཁུངས་ཡོངས་བཤེར་ཆོད་སྡོམ་སྲུང་སྐྱོང་སོགས་ཀྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་དུས་ཚོད་དམ་འཛིན་གྱིས་སྤེལ་ནས་ས་བོན་ལས་རིགས་ཀྱི་བྱ་སྤྱོད་ཇུས་གཞི་ཡག་པོ་བཟོ་བ་དང་ལག་བསྟར་ཡག་པོ་བྱས་ཏེ་སོན་ལས་ཁེ་ལས་མགྱོགས་མྱུར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས། ཞིང་ལས་ཐོན་སྐྱེད་དང་། འཁོར་རྒྱུག ལས་སྣོན་བཅས་ལྷུ་ཚིགས་ཁག་གི་སྒྲིག་བཀོད་སྒྲིག་སྦྱོར་གྱི་དེང་རབས་ཅན་གྱི་ཆུ་ཚད་མགྱོགས་མྱུར་མཐོ་རུ་བཏང་ནས་མཁོ་སྤྲོད་ཀྱི་སྤུས་ཚད་ཕན་འབྲས་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ཕག་ཤ་ཐོན་སྐྱེད་བརྟན་པོ་ཡོང་བ་བྱེད་པ་དང་། ནོར་ལུག་དང་དཀར་ཆུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། ཁྱིམ་བྱ་དང་ཆུ་ཐོན་ཐོན་རྫས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བཅས་བྱེད་དགོས།

  
style="display:none;"