མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཁབ་17གྱི་དཔེ་སྐྲུན་སྒྲིག་གཞིས་རང་རྒྱལ་དང་དྲན་ཐོ་བཞག་ནས།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་
སྐོར་གླེང་བ》དེབ་གསུམ་པ་མཉམ་དུ་ཡིག་སྒྱུར་དཔེ་སྐྲུན་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་04ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་17གྱི་དཔེ་སྐྲུན་སྒྲིག་གཞི་གྲགས་ཅན་གྱིས་ཀྲུང་གོ་ཕྱི་རྒྱལ་ཡིག་རིགས་དཔེ་སྐྲུན་འགྲེམས་སྤེལ་ཅུས་ཕྱི་རྒྱལ་ཡིག་རིགས་དཔེ་སྐྲུན་ཁང་དང《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གསུམ་པའི་རྒྱལ་སྤྱིའི་མཉམ་ལས་ཡིག་སྒྱུར་དཔེ་སྐྲུན་གྱི་དྲན་ཐོར་མིང་རྟགས་བཀོད་ནས་ཡིག་རིགས་མང་པོའི་པར་གཞིའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གསུམ་པ་མཉམ་དུ་ཡིག་སྒྱུར་དཔེ་སྐྲུན་བྱ་རྒྱུ་རེད།
   རྒྱལ་ཁབ་17དེ་དག་ནི་ཨར་པ་ནི་ཡ་དང་། ཕོ་ལན། རོ་མ་ནི་ཡ། བྷེ་ཨུ་རུ་སུ། ཡུག་རེན། ཨ་ཧྥུ་ཀ་ནི་སི་ཐན། ཁམ་ཕུ་ཁྲེ། ནེ་པ་ལ། ལོ་སི། བྷང་ག་ལ། ཐེ་ལན། རྒྱ་གར། ཕ་ཁི་སི་ཐན། སི་རི་ལན་ཁ། ཐ་ཇིག་སི་ཐན། ཁེར་གྷི་སི་ཐན། མོང་གོལ་རྒྱལ་ཁབ་བཅས་རེད།
   ཀྲུང་དབྱང་དྲིལ་བསྒྲགས་པུའུ(རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང)ཡིས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་ཀྲུང་གོ་ཕྱི་རྒྱལ་ཡིག་རིགས་ཅུས་དང་མཉམ་དུ་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གསུམ་པ་2020ལོའི་ཟླ་6ཚེས་30ཉིན་ཕྱི་རྒྱལ་ཡིག་རིགས་དཔེ་སྐྲུན་ཁང་གིས་རྒྱ་ཡིག་དང་དབྱིན་ཡིག་གི་པར་གཞིའི་ཐོག་ནས་དཔེ་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱས་ཡོད།
   《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གསུམ་པའི་ནང་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་དམིགས་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གལ་ཆེའི་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་བའི་རླབས་ཆེན་གྱི་ལག་ལེན་བཅས་གསོན་ཉམས་དོད་པོས་ཟིན་ཐོ་བཀོད་ཡོད་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་གཅིག་སྡུད་ཐོག་མངོན་པ། རང་རེའི་ཏང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་ཕུལ་བའི་བློ་གྲོས་ཀྱི་ཇུས་གཞི་གང་ལེགས་མངོན་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་མཚོན་པའི་དབང་གྲགས་ལྡན་པའི་གསུང་རྩོམ་ཞིག་རེད།
   《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་དང་པོ་དང་། གཉིས་པ། གསུམ་པ་བཅས་དཔེ་སྐྲུན་འགྲེམས་སྤེལ་བྱས་པས་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཚད་མཐོའི་དོ་སྣང་དང་རྒྱ་ཁྱབ་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད། མིག་སྔར་གསུང་རྩོམ་འདི་ཡིག་རིགས་33ཐོག་ནས་དཔེ་སྐྲུན་བྱས་པ་དང་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་170ལྷག་ཙམ་ལ་འགྲེམས་སྤེལ་བྱས་ཡོད།
   ཤེས་རྟོགས་བྱུང་བར་གཞིགས་ན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གསུམ་པའི་ཧྥ་རན་སེ་དང་། ཨུ་རུ་སུ། སི་ཕེན། ཨ་རབ། འཇར་མན། རི་པིན། ཕོར་ཐིའུ་ཀལ་སོགས་ཡིག་རིགས་ཀྱི་པར་གཞི་གཅིག་རྗེས་གཉིས་མཐུད་ངང་ཡིག་སྒྱུར་དཔེ་སྐྲུན་བྱས་ཡོད། རྒྱལ་ཁབ་མང་པོའི་དཔེ་སྐྲུན་སྒྲིག་གཞི་གྲགས་ཅན་གྱིས་ཀྲུང་གོ་ཕྱི་རྒྱལ་ཡིག་རིགས་ཅུས་དང་མཉམ་ལས་ཡིག་སྒྱུར་བྱས་ཏེ་ས་གནས་སོ་སོའི་ཡིག་རིགས་ཀྱི་པར་གཞི་དཔེ་སྐྲུན་བྱེད་འདོད་ཡོད་པའི་འདུན་པ་མཚོན་ཡོད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གསུམ་པའི་རྒྱལ་སྤྱིའི་མཉམ་ལས་ཡིག་སྒྱུར་དཔེ་སྐྲུན་ལ་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཕུན་སུམ་ཚོགས་པའི་སྙིང་དོན་དེ་བས་ལེགས་པའི་སྒོ་ནས་ཤེས་རྟོགས་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་ལྟ་བ་དང་། སྲིད་སྐྱོང་ལག་ལེན། སྲིད་སྐྱོང་གྲུབ་འབྲས་བཅས་ལ་དོན་དངོས་དང་མཐུན་པའི་སྒོ་ནས་ངོས་འཛིན་བྱེད་པ། ཀྲུང་གོ་དང་ཕྱི་རྒྱལ་གྱི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་དང་མིའི་རིགས་ཀྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་ཕན་པ་ཐོབ་རྒྱུ་རེད།

  
style="display:none;"