མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་ཀྲུང་གོའི་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ལ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་25ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   2021ལོའི་ལོ་ཚོགས་ལ་ཞུགས་མཁན་མངའ་ཁོངས་ཕྱིའི་འཐུས་མིར་མཇལ་འཕྲད་གནང་བ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་22ཉིན་གྱི་དགོང་མོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེ་མོར་བརྙན་ལམ་རྣམ་པའི་ཐོག་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ལ་ཞུགས་པ་མ་ཟད། 2021ལོའི་ལོ་ཚོགས་ལ་ཞུགས་མཁན་མངའ་ཁོངས་ཕྱིའི་འཐུས་མིར་མཇལ་འཕྲད་གནང་བ་རེད། འཛམ་གླིང་གི་ཁེ་ལས་རྩེ་གྲ་ལྔ་བརྒྱའི་འགན་འཁུར་བ་དང་རྒྱལ་སྤྱིའི་གྲགས་ཅན་རིག་གཞུང་ཞིབ་འཇུག་སྒྲིག་གཞིའི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་རྒྱལ་སྤྱིའི་རྩ་འཛུགས་གལ་ཆེན་གྱི་འཐུས་མི་སོགས་ལོ་ཚོགས་ལ་ཞུགས་པ་རེད།
   པའོ་མ་ཚོགས་པའི་ཏུང་ཧྲི་ཀྲང་ཆི་ཕུ་ཚེ་དང་། ཆའོ་ཧྲུའེ་མ་འཇོག་ཀུང་སིའི་ཏུང་ཧྲི་ཀྲང་ཏ་ལི་ཨོའུ། ཧུང་ལི་དངུལ་རྩ་ཚོགས་པའི་ཙུང་ཚའེ་ཀའོ་རུའེ་ཧུང་། ཀུ་ཤུ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཁུའུ་ཁེ། པའོ་ཁྲེང་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་ཝེ་ལེ་སི། ཏའེ་མུའུ་ལེ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁང་ལིན་སུང་། ཕ་རི་སི་དཔལ་འབྱོར་སློབ་གླིང་གི་མཚན་འཛིན་དགེ་རྒན་ཆེ་མོ་བ་པུའུ་ཅི་ཉི་ཝུང་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་དང་། ཁོང་ཚོ་སོ་སོས་དོ་ཁུར་བྱེད་པའི་གནད་དོན་ཐད་ལི་ཁེ་ཆང་ལ་བཀའ་འདྲི་ཞུས་པ་རེད། ལི་ཁེ་ཆང་གིས་དྲི་བ་རེ་རེ་བཞིན་ལ་ལན་བསྐྱོན་པ་རེད།
   ཀྲུང་གོའི་དཔལ་འབྱོར་འཕར་ཚད་དང་སྤུས་ཚད་ཀྱི་འབྲེལ་བའི་སྐོར་ལ་དྲི་བ་བཏོན་པར་ལན་རྒྱག་སྐབས། ལི་ཁེ་ཆང་གིས་ན་ནིང་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྡབ་རྡེག་ཚབས་ཆེན་གྱི་མདུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་ཀྲུང་གོའི་དཔལ་འབྱོར་འཕར་ཡོད། ང་ཚོས་འདི་ལོའི་སྔོན་དཔག་དམིགས་ཚད་6%ཡན་དུ་བཞག་ཡོད། དེང་སྐབས་ཀྱི་དཔལ་འབྱོར་འཕར་ཚུལ་ནི་སླར་གསོ་བྱེད་སྒང་ཡིན་པ་དང་། འཛམ་གླིང་དཔལ་འབྱོར་སླར་གསོར་ངེས་གཏན་མེད་པར་བསམ་གཞིག་བྱས་པ་མ་ཟད། སང་ལོ་དང་གནངས་ལོའི་དམིགས་ཚད་དང་འབྲེལ་མཐུད་བརྟན་པོ་ཡོང་རྒྱུར་ཡང་བསམ་གཞིག་བྱས་ཡོད། 6%ཡན་འཕར་བའི་སྔོན་དཔག་བྱས་པ་དེ་དམའ་པོ་ཞིག་མིན། དངོས་སུ་ལག་བསྟར་བྱེད་རིང་དེ་བས་མཐོ་རུ་འགྲོ་སྲིད། ང་ཚོས་འཆར་གཞི་བཏིང་བ་ཞིག་མིན་པར་སྔོན་དཔག་བྱས་པ་ཞིག་རེད། དཔལ་འབྱོར་གྱི་གཞི་གདན་སྲ་བརྟན་དུ་གཏོང་རྒྱུར་མཐོང་ཆེན་བྱས་ཏེ། འཕར་རྒྱུ་བརྟན་པོ་རྒྱུན་འཁྱོངས་བྱེད་པ་དང་དུས་མཚུངས་སྤུས་འབོར་གཉིས་འཕར་ཡོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་བྱེད་དགོས། དེར་བརྟེན་ལས་ཞུགས་བྱེད་ས་རྒྱ་ཆེ་བ་དང་། གྲོང་མིར་རྒྱུན་མཐུད་འབབ་འཕར་ཐུབ་པ། སྐྱེ་ཁམས་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་འགྲོ་བ་བཅས་བྱེད་དགོས། དེ་འདྲ་བྱུང་ན་དཔལ་འབྱོར་གྱི་གྲུབ་ཆ་སྔར་བས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་ལ་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་ཀྱང་མཐོ་རུ་འགྲོ་ཐུབ། འདི་ལོ་གྲོང་ཁྱེར་དང་གྲོང་རྡལ་དུ་ངལ་ནུས་ཁྲི་1400ཙམ་མང་དུ་འགྲོ་རྒྱུ་ཡིན་པས་ལས་ཞུགས་ཀྱི་གནོན་ཤུགས་སྔར་བས་ཆེན་པོ་ཡོད། མི་ཁྲི་1100ཡན་ལས་ཞུགས་ཐུབ་པའི་འགན་ལེན་བྱས་ནས་དཔལ་འབྱོར་འཕར་ཚད་ལུགས་མཐུན་གྱི་ཁྱབ་ཁོངས་སུ་རྒྱུན་འཁྱོངས་བྱེད་དགོས། མདོར་ན་ང་ཚོས་འཕར་རྒྱུ་བརྟན་པོ་དང་། ལས་ཞུགས་འགན་ལེན། ཡོང་འབབ་མཐོར་གཏོང་། ཟོག་གོང་བརྟན་པོ་བཅས་དབར་གྱི་འབྲེལ་བ་དོ་སྙོམས་ཡོང་བ་བྱེད་དགོས་ལ། ནུས་རྒྱུ་ཟད་གྲོན་ཆེ་བ་དང་སྦགས་བཙོག་ཆེན་པོར་བརྟེན་ནས་དཔལ་འབྱོར་འཕར་ཐབས་བྱེད་རྒྱུ་མེད། དེ་དང་དུས་མཚུངས་ང་ཚོས་ད་དུང་ཁྲོམ་རའི་བྱེད་པོའི་གསོན་ཤུགས་དང་ཕན་འབྲས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། ནང་མཁོའི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་ཤུགས་ཆེན་བྱེད་པ། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་རྒྱུར་ཡར་སྐུལ་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
   ལི་ཁེ་ཆང་གིས། སྒོ་དབྱེ་ནི་ཀྲུང་གོའི་འཕེལ་རྒྱས་ཀྱི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40ལྷག་ཙམ་རིང་ཀྲུང་གོའི་དཔལ་འབྱོར་འཛམ་གླིང་གི་དཔལ་འབྱོར་དང་མཉམ་འདྲེས་ཟབ་མོ་བྱུང་ཡོད། གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲིས་ཡིན་ཞེས་བརྗོད་ཆོག ཀྲུང་གོས་སྒོ་མོ་དབྱེ་རྒྱ་སྔར་བས་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཁག་དབར་ཕྱོགས་གཉིས་དང་ཕྱོགས་མང་པོའི་སྒོ་དབྱེར་བརྟེན་ནས་ཕྱོགས་གཉིས་ཀ་དང་། ཕྱོགས་མང་པོ། ཐུན་མོང་བཅས་ལ་ཕན་པ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
   ལི་ཁེ་ཆང་གིས། ད་དུང་ན་རྒས་ཅན་ལ་ཁ་གཏད་གཅོག་པ་དང་། དབུལ་པོ་ཉུང་གཏོང་། སློབ་གསོ། དངུལ་རྩའི་སྒོ་དབྱེ། ལྗང་མདོག་འཕེལ་རྒྱས་སོགས་སྐོར་གྱི་ཚོགས་ཞུགས་འཐུས་མི་ཚོས་བཏོན་པའི་དྲི་བར་ལན་ཡང་བསྐྱོན་པ་རེད།
   ཚོགས་འདུར་ཞུགས་མཁན་ཕྱི་རྒྱལ་གྱི་འཐུས་མི་ཚོས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱེད་ཅིང་། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་བྱེད་རྒྱ་ཆེ་རུ་བཏང་ན་འཛམ་གླིང་དཔལ་འབྱོར་ལ་གོ་སྐབས་གསར་པ་སྦྱིན་རྒྱུ་རེད་ཅེས་བརྗོད། ཁོང་ཚོས་ཀྲུང་གོའི་འབྱུང་འགྱུར་གྱི་འཕེལ་རྒྱས་དང་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གོ་སྐབས་སུ་བྱས་ནས་ཀྲུང་གོའི་ཁྲོམ་ར་མུ་མཐུད་རྒྱ་ཆེར་བཏང་སྟེ་གཉིས་ཁེ་གཉིས་ཕན་སྔར་བས་ལེགས་པ་ཡོང་ཐབས་བྱེད་ཀྱི་ཡོད།

  
style="display:none;"