མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་བབ་བསྟུན་སྤྱི་ཁྱབ་རུ་ཁག་གཉིས་པར་གཟིགས་ཞིབ་གནང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་28ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་3ཚེས་24ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་བབ་བསྟུན་སྤྱི་ཁྱབ་རུ་ཁག་གཉིས་པར་གཟིགས་ཞིབ་གནང་ཞིང་། འདི་ནི་ཁོང་གིས་དཔུང་སྡེའི་སྦྱོང་བརྡར་བྱ་ཚུལ་ལ་གཟིགས་ཞིབ་གནང་བཞིན་པ།

ཟླ་3ཚེས་24ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་བབ་བསྟུན་སྤྱི་ཁྱབ་རུ་ཁག་གཉིས་པར་གཟིགས་ཞིབ་གནང་ཞིང་། འདི་ནི་ཁོང་གིས་དཔུང་སྡེའི་སྦྱོང་བརྡར་བྱ་ཚུལ་ལ་གཟིགས་ཞིབ་གནང་བཞིན་པ། 

   ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་བབ་བསྟུན་སྤྱི་ཁྱབ་རུ་ཁག་གཉིས་པར་གཟིགས་ཞིབ་གནང་སྐབས། དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་དང་ལས་འགན་སྒྲུབ་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་ཕུའུ་ཀྲོའུ་ནས་ཟླ་3ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་བབ་བསྟུན་སྤྱི་ཁྱབ་རུ་ཁག་གཉིས་པར་གཟིགས་ཞིབ་གནང་བ་རེད། ཁོང་གིས་དྲག་ཆས་ཉེན་རྟོག་བབ་བསྟུན་སྤྱི་ཁྱབ་རུ་ཁག་ནི་དྲག་ཆས་ཉེན་རྟོག་དཔུང་སྡེ་ནི་བབ་བསྟུན་དམག་འཐབ་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲིའང་ལྕི་པོ་ཡོད། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེན་གྱི་དགོངས་པ་ལག་བསྟར་དང་དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་མཛད་ཕྱོགས་ལག་བསྟར་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་རྒྱུན་རྣམ་ཅན་གྱི་དམ་འཛིན་ཡག་པོ་བྱེད་པ་དང་། དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། འགན་འཁྲི་དང་ལས་འགན་སྒྲུབ་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། དཔུང་སྡེ་འཛུགས་སྐྱོང་གི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ནས་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།
   ཟླ་བ་གསུམ་པའི་ཕུའུ་ཅན་གྱི་ས་གཞི་ཆེན་པོར་རི་བོ་སྔོ་ཞིང་ཆུ་མོ་དྭངས་ལ་དཔྱིད་དཔལ་རབ་ཏུ་བཞད། སྔ་དྲོའི་ཆུ་ཚོད་10དང་སྐར་མ་15ཙམ་ལ་ཞི་ཅིན་ཕིང་དྲག་ཆས་ཉེན་རྟོག་བབ་བསྟུན་སྤྱི་ཁྱབ་རུ་ཁག་གཉིས་པར་ཕེབས་པ་རེད། དྲག་ཆས་ཉེན་རྟོག་བབ་བསྟུན་སྤྱི་ཁྱབ་རུ་ཁག་གཉིས་པ་ནི་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཟབ་ཏུ་གཏོང་རིང་ལེགས་སྒྲིག་བྱས་ནས་བཙུགས་པ་ཞིག་རེད། ཉེ་བའི་ལོ་ཤས་རིང་ཛ་དྲག་ཆེ་བ་དང་། དཀའ་ཚེགས་ཆེ་བ། ཉེན་ཁ་ཆེ་བ་བཅས་ཀྱི་ལས་འགན་རབ་དང་རིམ་པ་གཟེངས་སུ་ཐོན་པའི་སྒོ་ནས་ལེགས་སྒྲུབ་བྱས་ཡོད། ཞི་ཅིན་ཕིང་གིས་དམག་སྦྱོང་དམག་གྲབས་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཁོང་གིས་རླངས་འཁོར་ནས་བབས་མ་ཐག་དཔུང་སྡེའི་སྦྱོང་བརྡར་ལ་གཟིགས་ཞིབ་གནང་བར་ཕེབས་པ་རེད། སྦྱོང་བརྡར་བྱ་ཡུལ་དུ་བཀོལ་སྤྱོད་ཀྱི་བཀའ་བརྡ་གང་ས་ནས་གྲགས་པ་དང་ཆེད་ལས་གོ་མཚོན་འཕྲུལ་ཆས་ཀྱི་འུར་སྒྲ་ལྡིར་ལྡིར་དུ་གྲགས་ནས་བྲེལ་བྲེལ་འཚུབ་འཚུབ་ཀྱི་དམག་སྦྱོང་རྣམ་པ་ཞིག་མངོན་ཡོང་། ཞི་ཅིན་ཕིང་གིས་འབར་རྫས་སྔོན་འགོག་ཡོ་བྱད་བཀོལ་སྤྱོད་དང་། རྫས་འགྱུར་གནོད་འགོག་མྱུལ་ཞིབ་གཙང་སེལ། ལས་གྲྭའི་འཕྲུལ་ཆས་བཀོལ་སྤྱོད། ཟམ་པ་མྱུར་འཛུགས་སོགས་ཀྱི་ཆེད་ལས་སྦྱོང་བརྡར་ལ་རིམ་པ་བཞིན་གཟིགས་ཞིབ་གནང་སྟེ། འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཞི་ཅིན་ཕིང་གིས་ལས་གྲྭའི་འཕྲུལ་ཆས་བཀོལ་སྤྱོད་པ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་སྟེ། ཚང་མར་དཀའ་སྤྱད་སྦྱོང་བརྡར་དང་ཚན་རིག་དང་མཐུན་པའི་སྦྱོང་བརྡར་བྱས་ནས་ལས་འགན་སྒྲུབ་ནུས་རིམ་བཞིན་ཆེ་རུ་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད། སྦྱོང་བརྡར་བྱ་ཡུལ་ནས་ཞལ་གྱེས་སྐབས། དཔོན་དམག་ཚོས་གྲལ་སྟར་འགྲིག་པོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་ཆབས་ཅིག “ཏང་གི་བཀོད་འདོམས་ལ་ཉན་པ་དང་། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་ལེགས་པ”བཅས་ཀྱི་འབོད་ཚིག་སྐད་གསང་མཐོན་པོས་བོས་པ་རེད།
   དེ་རྗེས་ཞི་ཅིན་ཕིང་གིས་སྤྱི་ཁྱབ་རུ་ཁག་འཛུགས་སྐྱོང་བྱ་ཚུལ་མཚོན་པའི་བརྒྱུད་ལམ་སྣེ་མང་པར་གཞིར་གཟིགས་ཤིང་། བརྙན་ལམ་མ་ལག་བརྒྱུད་སྤྱི་ཁྱབ་རུ་ཁག་གིས་འབྲེལ་ཡོད་ལས་འགན་སྒྲུབ་ཚུལ་སྐོར་གྱི་སྙན་སེང་ཞུས་པ་གསན་པ་རེད། ཞི་ཅིན་ཕིང་གིས་དམག་དཔུང་འཛུགས་སྐྱོང་དང་ལས་འགན་ལེགས་སྒྲུབ་བྱས་པའི་གནས་ཚུལ་ལ་ཁས་ལེན་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་དང་། ལས་འགན་ལ་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ཇུས་གཞི་དང་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། སྟོབས་ཤུགས་བཀོད་སྒྲིག་ཡག་པོ་བཅས་བྱས་ནས་གནས་ཚུལ་གང་ཞིག་ཕྲད་རུང་། ཁ་གཏད་མགྱོགས་མྱུར་དང་ནུས་ལྡན་གཅོག་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་འགན་འཁྲི་ཕྲག་ཏུ་ཁུར་ནས་ལས་འགན་ལེགས་སྒྲུབ་ཡག་པོ་བྱེད་དགོས།
   ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། དམག་ཨུད་ཀྱི་དམག་དོན་སྦྱོང་བརྡར་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དམག་གྲབས་དམག་རྒྱག་ལ་མཐའ་འཁྱོངས་དམིགས་པ་དང་། དངོས་འཐབ་དངོས་སྦྱོང་དང་། མཉམ་འཐབ་མཉམ་སྦྱོང་། ཚན་རྩལ་ལ་བརྟེན་ནས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་ལྟར་སྦྱོང་བརྡར་བྱེད་སྟངས་བཅོས་སྒྲིག་བྱེད་པ་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ལས་འགན་གྱི་དགོས་མཁོ་སྣ་ཚོགས་ལ་དམ་པོར་དམིགས་པ། དམིགས་སའི་རང་བཞིན་དང་མཐུན་པའི་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན། མཉམ་འདྲེས་ཅན་དང་ཆེད་ལས་ཅན་གྱི་སྦྱོང་བརྡར་ལ་ཤུགས་སྣོན། སྟོབས་ཤུགས་གསར་པ་དང་གོ་མཚོན་གསར་པའི་སྦྱོང་བརྡར་ལ་ཤུགས་སྣོན་བཅས་བརྒྱབ་ནས། སྦྱོང་བརྡར་གྱི་སྤུས་ཚད་དང་རིམ་པ་མཐོ་རུ་གཏོང་དགོས། དམག་འཐབ་ལ་བརྟེན་ནས་འཛུགས་སྐྲུན་ལ་སྣེ་ཁྲིད་དང་སྦྱོང་བརྡར་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་ཕྱོགས་སྒྱུར་འཛུགས་སྐྱོང་གི་བླང་བྱ་ལག་བསྟར། སྤྱི་ཁྱབ་རུ་ཁག་འཛུགས་སྐྱོང་གི་འཆར་འགོད་དང་འཆར་གཞི་བཟོ་བ་དང་ལག་བསྟར་ཡག་པོ་བཅས་བྱས་ནས། དཔུང་སྡེའི་དེང་རབས་ཅན་གྱི་ཆུ་ཚད་དང་དངོས་འཐབ་ཀྱི་ནུས་པ་མགྱོགས་མྱུར་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས།
   ཞི་ཅིན་ཕིང་གིས་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པ་མཐའ་འཁྱོངས་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་དྲག་ཆས་སྤྲས་པར་ཤུགས་སྣོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཕྱོགས་ཡོངས་ནས་དམག་དཔུང་ནན་པོས་སྐྱོང་བར་དམ་འཛིན་ནན་པོ། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་དཔུང་སྡེ་རྦད་དེ་ལྷག་བསམ་རྣམ་དག་དང་། རྦད་དེ་དྭངས་གཙང་། རྦད་དེ་བློས་འགེལ་ཆོག་པ་བཅས་ཡོང་བའི་འགན་ལེན་བྱས་ཏེ་ནམ་ཡང་ཏང་དང་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་སྲུང་དམག་བྱེད་དགོས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་དང་། ཏང་གི་ལོ་རྒྱུས་སྦྱོང་བ་དང་། གོ་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ། དཔོན་དམག་ཚོར་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན། དམག་དཔུང་སྟོབས་ཆེར་གཏོང་བའི་འགན་འཁྲི་ལྕི་པོ་འཁུར་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས། རྩ་སྲ་རྨང་བརྟན་མཐའ་འཁྱོངས་དང་། རྒྱུན་སྲིང་ལྷོད་མེད་ངང་གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བ། དཔུང་སྡེའི་སློབ་གསོ་དོ་དམ་ནན་དུ་གཏོང་བ། ལྷག་བསམ་ཟོལ་མེད་ངང་དཔོན་དམག་གི་སེམས་ཁྲལ་དང་དཀའ་ངལ་སེལ་བ་བཅས་བྱས་ཏེ། ཉམས་སད་ཐེག་པའི་གཞི་རིམ་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

  
style="display:none;"