མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་འཛུགས་སྐྱོང་བཅས་ལ་སྣང་ཆེན་བྱ་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་
གི་རྣམ་བཤད་གཅེས་བཏུས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་30ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་འཛུགས་སྐྱོང་བཅས་ལ་སྣང་ཆེན་བྱ་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བཏུས》དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
   ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་རྩ་བའི་གྲུབ་ཆ་ཡིན་པ་དང་། ཁྱིམ་ཚང་གི་མདུན་ལམ་དང་ལས་དབང་དེ་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་དམ་ཟབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཁྱིམ་ཚང་གི་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་། ཁྱིམ་ཚང་འཛུགས་སྐྱོང་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་རེ་བ་གསར་པ་དང་དགོས་མཁོ་གསར་པར་ལན་གང་ལེགས་གནང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྱིམ་ཚང་ནང་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་བཏང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཤེས་དཔལ་གྱི་དར་སྲོལ་བཟང་པོ་ཆགས་རྒྱུར་སྐུལ་འདེད་གནང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཁྱིམ་ཚང་ལ་སྣང་ཆེན་དང་། ཁྱིམ་ཚང་སློབ་གསོར་སྣང་ཆེན། ཁྱིམ་སྲོལ་འཛུགས་སྐྱོང་ལ་སྣང་ཆེན་བཅས་བྱེད་པར་དམིགས་ཏེ་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་གནང་བ་དང་། དེའི་གཟིགས་རྒྱང་རིང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཡོད་པས། སྤྱི་ཚོགས་ལས་རིགས་ཁག་ཁྱིམ་ཚང་ཤེས་དཔལ་འཛུགས་སྐྱོང་ནང་རྒྱ་ཁྱབ་ངང་ཞུགས་རྒྱུར་སྐུལ་སློང་བྱེད་པ་དང་། ཁྱིམ་ཚང་ཁྲི་སྟོང་མང་པོ་རྒྱལ་ཁབ་འཕེལ་རྒྱས་དང་། མི་རིགས་ཡར་ཐོན། སྤྱི་ཚོགས་ཞི་མཐུན་བཅས་ཀྱི་རྨང་གཞི་གལ་ཆེན་ལ་འགྱུར་གང་ཐུབ་བྱེད་པ། མི་སྒེར་གྱི་ཕུགས་འདུན་དང་ཁྱིམ་ཚང་གི་ཕུགས་འདུན་མངོན་འགྱུར་ཡོང་བ་དེ་རྒྱལ་ཁབ་ཀྱི་ཕུགས་འདུན་དང་མི་རིགས་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བའི་ཁྲོད་མཉམ་འདྲེས་ཐུབ་པར་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།
   《རྣམ་བཤད་གཅེས་བཏུས》དེབ་དེ་ཆེད་དོན་ཁག་7ལ་དབྱེ་ཡོད་པ་དང་། ཁྱོན་བསྡོམས་རྣམ་བཤད་དུམ་བུ་107ཡོད་ཅིང་། དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་2012ལོའི་ཟླ་11ཚེས་15ཉིན་ནས་2020ལོའི་ཟླ་12ཚེས་28ཉིན་བར་གནང་བའི་སྙན་ཞུ་དང་། གསུང་བཤད། གླེང་མོལ། གསལ་བཤད། དྲིས་ལན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་ཁག་60ལྷག་ནས་བཏུས་པ་དང་། དེའི་ནང་གི་རྣམ་བཤད་ཁག་གཅིག་ནི་ཡོངས་བསྒྲགས་བྱེད་ཐེངས་དང་པོ་ཡིན་པ་རེད།

  
style="display:none;"