མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཁུ་པའི་འགོ་ཁྲིད་འཕྲིན་ཡིག་སྤྲིངས་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་30ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་ལའོ་ཨར་·ཁ་སི་ཐེ་ལུའོ་དང་ཁུ་པ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི་-ཁ་ནེར་ལ་འཕྲིན་ལན་སྤྲིངས་ནས། ཁུ་པའི་འགོ་ཁྲིད་ཀྱིས་ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་རེད།
   ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཁུ་པ་ནི་གྲོགས་པོ་ཡག་པོ་དང་། བློ་མཐུན་ཡག་པོ། གཅེན་གཅུང་བཟང་པོ་བཅས་ཡིན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཁུ་པའི་སྲོལ་རྒྱུན་མཛའ་གྲོགས་ཉིན་བཞིན་ཟབ་ཏུ་ཕྱིན་པ་དང་མཛའ་གྲོགས་མཉམ་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་ཡོད། ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་འཐབ་རྩོད་ཁྲོད། ཀྲུང་གོ་དང་ཁུ་པ་རྒྱལ་ཁབ་གཉིས་པོས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་ལྟ་སྐྱོང་བྱས་པས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ཁུ་པས་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པར་རྒྱབ་སྐྱོར་བྱས་ནས་ཀྲུང་གོ་དང་ཁུ་པའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཟམ་མི་ཆད་པ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
   ཉིན་ཤས་གོང་། ལའོ་ཨར་·ཁ་སི་ཐེ་ལུའོ་དང་ཏི་ཡ་སི་-ཁ་ནེར་གྱིས་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། ཁུ་པ་གུང་ཁྲན་ཏང་དང་། ཁུ་པ་སྲིད་གཞུང་། དེ་བཞིན་མི་དམངས་བཅས་ཀྱི་ཚབ་ཞུས་ནས་ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཚབས་ཆེའི་དབུལ་ཕོངས་ཀྱི་གནད་དོན་སེལ་བའི་འཐབ་རྩོད་ལ་རླབས་ཆེའི་གྲུབ་འབྲས་ཐོབ་པ་དང་། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ》ནང་གཏན་འཁེལ་བྱས་པའི་དབུལ་ཕོངས་མེད་པ་བཟོ་བའི་དམིགས་ཚད་ལོ་བཅུའི་སྔ་སྣུར་དུ་མངོན་འགྱུར་བྱུང་བར་བསྔགས་བརྗོད་ཆེན་པོ་གནང་བ་མ་ཟད། ཁུ་པ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"