མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་ཞ་མོན་སློབ་ཆེན་བཙུགས་ནས་ལོ་ངོ་100འཁོར་བར་
རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་08ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   རྟེན་འབྲེལ་འཕྲིན་ཡིག


   ཞ་མོན་སློབ་ཆེན་བཙུགས་ནས་ལོ་ངོ་100འཁོར་བའི་དུས་འདིར། ངས་དགེ་སློབ་ལས་བཟོ་ཡོངས་དང་རྒྱལ་ཁབ་ཕྱི་ནང་གི་སློབ་གྲོགས་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
   ཞ་མོན་སློབ་ཆེན་ནི་གཟི་བརྗིད་ཀྱི་སྲོལ་རྒྱུན་ལྡན་པའི་སློབ་ཆེན་ཞིག་རེད། ལོ་ངོ་100ཡི་རིང་སློབ་གྲྭས་རྒྱལ་གཅེས་ཕྱིར་སྡོད་རང་མིའི་སྣེ་ཁྲིད་པ་སྐུ་ཞབས་ཁྲེན་ཅ་ཀེང་གི་སློབ་གཉེར་ཕུགས་འདུན་རྒྱུན་འཛིན་བྱས་ཏེ། “རྒྱལ་གཅེས་དང་། གསར་བརྗེ། རང་གཅེས། ཚན་རིག”བཅས་ཀྱི་སློབ་སྲོལ་བཟང་པོ་གྲུབ་པ་དང་། སློབ་གཉེར་གྱི་ཁྱད་ཆོས་མངོན་གསལ་དོད་པོ་བཏོད་པ། ཕུལ་བྱུང་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ནས་རྒྱལ་ཁབ་འབྱོར་ཕྱུག་ལྡན་པ་དང་། མི་དམངས་བདེ་སྐྱིད་ལྡན་པ། ཀྲུང་ཧྭའི་རིག་གནས་ཕྱི་རྒྱལ་དུ་ཁྱབ་སྤེལ་བཅས་ཀྱི་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
   རང་རྒྱལ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་གསར་པར་སྐྱོད་འགོ་ཚུགས་ཡོད། དེས་ན་སླད་ཕྱིན་ཞ་མོན་སློབ་ཆེན་གྱིས་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་ཏན་ཏིག་དང་། ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་། དུས་བསྟུན་འཕེལ་རྒྱས་ཀྱི་རྣམ་པར་བརྟེན་ནས་འཛམ་གླིང་གི་སློབ་ཆེན་རྩེ་གྲ་འཛུགས་སྐྱོང་། ས་ཁོངས་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་གཏོང་ཆེད་དང་། དེ་བཞིན་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་བའི་རེ་བ་ཡོད།


   ཞི་ཅིན་ཕིང་ནས།
   2021ལོའི་ཟླ་4ཚེས་6ཉིན།

  
style="display:none;"