མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་09ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    དྲ་རྒྱའི་མྱུར་ཚད་མགྱོགས་སུ་དང་གྲོན་དངུལ་དམའ་རུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་ཁེ་ལས་དང་དམངས་ལ་ཕན་པ་ དེ་བས་མང་བ་ཐོབ་པར་བྱེད་པ་དང་། ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་ཀྱི་བསམ་སྤྱོད་འགན་སྲུང་ ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བའི་བྱེད་ཐབས་གཏན་འཁེལ་བྱེད་པ། སྒེར་གྱི་རྩིས་ཁྲའི་མ་དངུལ་བེད་སྤྱོད་བྱེད་ཁྱོན་ ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་གཏོང་དགོས་པའི་བཀོད་སྒྲིག་གནང་བ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་དྲ་རྒྱའི་མྱུར་ཚད་མགྱོགས་སུ་དང་གྲོན་དངུལ་དམའ་རུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་ཁེ་ལས་དང་དམངས་ལ་ཕན་པ་དེ་བས་མང་བ་ཐོབ་པར་བྱེད་པ་དང་། ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་ཀྱི་བསམ་སྤྱོད་འགན་སྲུང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བའི་བྱེད་ཐབས་གཏན་འཁེལ་བྱེད་པ། སྒེར་གྱི་རྩིས་ཁྲའི་མ་དངུལ་བེད་སྤྱོད་བྱེད་ཁྱོན་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་གཏོང་དགོས་པའི་བཀོད་སྒྲིག་གནང་བ་རེད།
   ཚོགས་འདུའི་ཐོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། ཉེ་བའི་ལོ་ཤས་རིང་དྲ་རྒྱའི་མྱུར་ཚད་མགྱོགས་སུ་དང་གྲོན་དངུལ་དམའ་རུ་གཏོང་བའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། གཏན་འཇགས་དྲ་ཆེན་དང་སྒུལ་བདེའི་དྲ་རྒྱའི་མྱུར་ཚད་མགྱོགས་སུ་ཆེས་ཆེར་ཕྱིན་པ། འགྲོ་གྲོན་ཆེས་ཆེར་ཆག་པ་བཅས་བྱུང་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་དང་ཁེ་ལས་ཀྱི་མ་གནས་དམའ་རུ་འགྲོ་རྒྱུར་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱས་ནས་ལས་ཞུགས་ལས་གཏོད་དང་། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས། སྒུལ་ནུས་གསར་པ་འཕེལ་རྒྱས་བཅས་ལ་སྐུལ་མ་ཐེབས་ཡོད་ལུགས་བསྟན་ཡོད། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་བླང་བྱ་དོན་འཁྱོལ་བྱས་ནས་དྲ་རྒྱའི་མྱུར་ཚད་མགྱོགས་སུ་དང་གྲོན་དངུལ་དམའ་རུ་གཏོང་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ་དྲ་རྒྱ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས་པ་སྟེ། གཅིག་ནས་5Gདང་ཀྲའོ་སྟོང་གི་འོད་སྐུད་དྲ་བ་འཛུགས་སྐྲུན་བཀོལ་སྤྱོད་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཤིང་། ཀྲའོ་སྟོང་གི་འོད་སྐུད་དྲ་བ་རིམ་སྤོར་དང་དུད་ཚང་དུ་སྒྱུར་བཀོད་བྱས་ཏེ་གྲོང་ཁྱེར་ལ་གཞི་རྩའི་ཆར་གཏན་འཇགས་དང་སྒུལ་བདེའི“ཀྲའོ་སྟོང་དུད་ཚང་ལ་འཁྲིད་པའི”ནུས་པ་ལྡན་རྒྱུར་སྐུལ་འདེད་བཏང་ནས་འདི་ལོ་ཀྲའོ་སྟོང་གི་འོད་སྐུད་དྲ་བ་དུད་ཚང་དུང་ཕྱུར་2ལྷག་ཙམ་ལ་ཁྱབ་པ་བྱ་རྒྱུ་རེད། དྲ་ཆེན་སྲིད་འཛིན་གྲོང་ཚོ་ཡོངས་སུ་ཁྱབ་རྒྱུར་སྐུལ་འདེད་གཏོང་བ་མ་ཟད། ཐོན་སྐྱེད་ལས་སྒྲུབ་ཁུལ་དང་འགྲིམ་འགྲུལ་འགག་མདོའི་ལམ་རྒྱུད་སོགས་གཙོ་གནད་ས་ཁོངས་སུ་སྣུར་བསྲིང་བྱེད་དགོས་པ་དང་། གཉིས་ནས་རྨང་གཞིའི་གློག་འཕྲིན་ཁེ་ལས་ཀྱིས་ཁེ་ལས་འབྲིང་ཆུང་གི་དྲ་ཆེན་དང་ཆེད་སྐུད་ཀྱི་ཆ་སྙོམས་འགྲོ་གྲོན་སླར་ཡང་10%དམའ་རུ་གཏོང་རྒྱུ་དང་རྒན་རྒོན་དང་དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིའི་འགྲོ་གྲོན་ལ་གཟིགས་སྐྱོང་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས་པ། གསུམ་ནས་ཚོང་དོན་ཐོག་ཁང་གི་དྲ་ཆེན་སྒེར་སྡེམ་འབྲེལ་མཐུད་དང་བཙན་ཤེད་ཀྱིས་རིན་གོང་སྤོར་བ་སོགས་ཀྱི་བྱ་སྤྱོད་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ནས་མཐའ་སྣེ་སྤྱོད་མཁན་ལ་མྱུར་ཚད་མགྱོགས་སུ་དང་གྲོན་དངུལ་དམའ་རུ་གཏོང་བའི་ཕན་པ་དངོས་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་དྲ་ཆེན་མཐུད་འཇུག་ལས་སྒོའི་འཇུག་འཐུས་ཚད་གཞི་དམའ་རུ་འོས་འཚམ་གཏོང་བ་དང་། དམངས་གཉེར་ཁེ་ལས་སོགས་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཁྲོམ་རའི་དྲང་གཞག་འགྲན་རྩོད་ལ་བརྟེན་ནས་འགྲོ་གྲོན་གཅོག་རྒྱུར་སྐུལ་འདེད་གཏོང་དགོས་པ། བཞི་ནས་གློག་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་མཉམ་སྐྲུན་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་དྲ་རྒྱའི་ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་དགོས་པ་དང་འཕྲིན་སྦྲེལ་དྲ་རྒྱའི་དྲ་རྒྱ་གཙོ་བོའི་བར་གྱི་ཤོང་ཚད་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་དྲ་སྦྲེལ་ལས་སྒྲོལ་བའི་འཕྲིན་གཏོང་སྤུས་ཚད་ལེགས་སུ་གཏོང་དགོས་པ་བཅས་ཡིན།
    ཚོགས་འདུའི་ཐོག རང་རྒྱལ་གྱི་རེས་སྐོར་གསར་པའི་སྨན་བཅོས་སྒྱུར་བཅོས་ཐད་འཛམ་གླིང་ཐོག་གི་གཞི་ཁྱོན་ཆེ་ཤོས་དང་མི་དུང་ཕྱུར་10ལྷག་ཙམ་ལ་ཕན་པ་ཐོབ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་དྲ་བ་བཙུགས་ཡོད་པས་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་གཏོང་རྒྱུ་དང་སྨན་རིན་དམའ་རུ་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན་རྒྱུ་རེད། ཉེ་བའི་ལོ་ཤས་རིང་། ནད་པ་མང་པོ་དང་འབྲེལ་བ་ཡོད་པའི་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་སོགས་ཀྱི་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་དམིགས་བསལ་གྱི་ནད་གཞི་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་ནང་འཇུག་རྒྱུ་དང་གོམ་སྟབས་རྗེས་མར་སྨན་བཅོས་སྒྱུར་བཅོས་ཟབ་གཏོང་གིས་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་རོགས་རེས་འགན་སྲུང་འགན་ལེན་ནུས་པ་ཆེ་རུ་བཏང་སྟེ་སྒོ་བསྟེན་འགྲོ་གྲོན་དེ་བས་མང་བ་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ནང་བཅུག་ནས་ནད་པའི་ཁུར་པོ་སྔར་བས་ཡང་དུ་གཏོང་དགོས་ལུགས་བསྟན་ཡོད། ཚོགས་འདུའི་ཐོག་གཅིག་ནས་བདེ་ཐང་ལ་གནོད་འཚེ་ཆེ་བ་དང་འགྲོ་གྲོན་གྱི་ཁུར་པོ་ལྕི་བའི་སྒོ་བསྟེན་གྱི་གཅོང་ནད་དང་དམིགས་བསལ་གྱི་ནད་གཞི། ཐོན་མང་བའི་ནད་གཞི། རྒྱུན་མཐོང་གི་སྒོ་བསྟེན་སྨན་ཁང་དཀྱུས་མའི་འགྲོ་གྲོན་བཅས་གཅིག་གྱུར་འཆར་འགོད་ཀྱི་ཐེབས་རྩའི་གཏོང་སྤྲོད་ནང་འཇུག་རྒྱུ་དང་། སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་གཏོང་སྤྲོད་བསྡུར་ཚད་50%ནས་འགོ་བཙུགས་ཏེ་རྒན་ཡོལ་ཞུས་མཁན་ལ་འོས་འཚམ་ངང་ཕྱོགས་པ་དང་སླད་ཕྱིན་ཐེབས་རྩའི་ཐེག་ནུས་ཆེ་རུ་འགྲོ་བ་དང་བསྟུན་ནས་འགན་ལེན་ཆུ་ཚད་རིམ་བཞིན་མཐོ་རུ་གཏོང་རྒྱུ་དང་། གཉིས་ནས་སྒེར་གྱི་རྩིས་ཁྲའི་ནང་འཇུག་ཐབས་ལེགས་སུ་གཏོང་རྒྱུ་དང་། ལས་ཐོག་ལས་བཟོ་མི་སྒེར་གྱིས་གྲོན་དངུལ་འཇལ་རྒྱུ་དེ་སྔར་བཞིན་མི་སྒེར་གྱི་རྩིས་ཁྲའི་ནང་བཅུག་ནས་ཚན་པས་གྲོན་དངུལ་འཇལ་རྒྱུ་དེ་ཚང་མ་སྤྱི་འདོམས་ཐེབས་རྩའི་ནང་འཇུག་པ་དང་།
    སྤྱི་འདོམས་འཆར་འགོད་ཀྱི་ཐེབས་རྩའི་བཅད་གྲངས་གཞིར་བཟུང་རྒན་ཡོལ་ཞུས་པའི་མི་སྣའི་སྒེར་གྱི་རྩིས་ཁྲར་བླུགས་པ་དང་དངུལ་གྲངས་སྤྱི་འདོམས་འཆར་འགོད་ས་ཁུལ་དུ་སྒྱུར་བཅོས་འདི་ལག་བསྟར་བྱེད་པའི་ལོ་དེར་གཞི་རྩའི་རྒན་གསོའི་མ་དངུལ་གྱི་ཆ་སྙོམས་ཚད་གཞིའི་བརྒྱ་ཆ་2ཡས་མས་སུ་རིམ་བཞིན་ལེགས་སྒྲིག་བྱེད་རྒྱུ། གསུམ་ནས་སྒེར་གྱི་རྩིས་ཁྲའི་བེད་སྤྱོད་ཁྱབ་ཁོངས་རྒྱ་ཆེར་བཏང་སྟེ་ཁྱིམ་ཚང་གི་ཁོངས་མིས་མཉམ་དུ་སྤྱད་ཆོག་པ་དང་། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་སྨན་བཅོས་ཐད་སྤྱད་ཆོག་པ། དེ་བཞིན་གནས་གཏན་འཁེལ་གྱི་སིལ་ཚོང་སྨན་རྫས་ཚོང་ཁང་ནས་སྨན་རྫས་དང་། སྨན་བཅོས་ཡོ་བྱད། སྨན་སྤྱོད་རྒྱུ་ཆ་ཉོས་པའི་འགྲོ་གྲོན་དག་མི་སྒེར་གྱིས་གཏོང་དགོས་པ་དང་ནང་མི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་སོགས་ལ་ཞུགས་པའི་མི་སྒེར་གྱི་གྲོན་དངུལ་འཇལ་སྟངས་འཚོལ་ཞིབ་བྱེད་དགོས་པ། བཞི་ནས་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་འདོམས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། རྩིས་བཤེར་དང་ནང་ཁུལ་ཚོད་འཛིན་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྨན་ཁང་དུ་སྡོད་ཁུལ་དང་སྨན་བཅོས་འགན་བཅོལ་མགོ་སྐོར་གཡོ་ལེན་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། སྒོ་བསྟེན་སྨན་བཅོས་ཀྱི་བསམ་སྤྱོད་འགན་ལེན་དང་འཚམ་པའི་སྨན་རིན་སྤྲོད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་གཏན་འཁེལ་བྱས་ཡོད།
   ཚོགས་འདུའི་ཐོག་ཞིང་ཆེན་རིམ་པའི་སྲིད་གཞུང་ཁག་གིས་ལོ་གསུམ་ཡས་མས་ཀྱི་བར་བརྒལ་དུས་ཚོད་བཀོད་སྒྲིག་བྱས་ནས་གོ་རིམ་ལྡན་པའི་ངང་སྒྱུར་བཅོས་དམིགས་ཚད་རིམ་བཞིན་མངོན་འགྱུར་བྱེད་དགོས་པའི་ནན་བཤད་བྱས་པ་དང་། ཚོགས་འདུའི་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་ལ་སྤྱི་འདོམས་འཆར་བཀོད་བྱེད་པ་དང་འབྲེལ། འགན་ལེན་ཆུ་ཚད་ཀྱང་རིམ་བཞིན་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
   ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

  
style="display:none;"