མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་ནན་པོ་བྱས་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་གཞག་
འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུཌ་ཆེན་གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་10ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་རྒྱལ་ཡོངས་སྔོ་འགྱུར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་ཡོངས་སྔོ་འགྱུར་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཧན་ཀྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ། “ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་ལ་ཕྱོགས་སྡོམ། “ལོ་ལྔ་ཚན་བཅུ་བཞི་པ”དང་2021ལོའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་གཙོ་གནད་ལས་འགན་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་རེད།
   ཧན་ཀྲེང་གིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་གཞག་འཕེལ་རྒྱས་ཐད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་སྟེ་ལས་དོན་དེ་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་ཐད་གྲུབ་འབྲས་གསར་པ་ཐོབ་ཡོད་མོད། འོན་ཀྱང་སྣང་ཆུང་བྱེད་མི་རུང་བའི་གནད་དོན་ཁག་གཅིག་འཕྲད་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་གཏོང་རྒྱུ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་ཐཱན་ཚད་མཐོ་ཤོས་དང་ཐཱན་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་ནན་ཏན་བསྟར་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་པ་རེད།
   ཧན་ཀྲེང་གིས། ཚན་རིག་དང་མཐུན་པའི་ངང་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་གཏོང་བར“གང་དུ་བསྐྲུན་རྒྱུ”དང་། “གང་ཞིག་བསྐྲུན་རྒྱུ” “ཇི་ལྟར་བསྐྲུན་རྒྱུ” “ཇི་ལྟར་བྱས་ནས་དོ་དམ་བྱ་རྒྱུ”བཅས་ཁ་གསལ་བཟོ་དགོས། རྒྱལ་ཁབ་ཀྱི་ས་ཆའི་བར་མཐོངས་བཀོད་སྒྲིག་བྱེད་ཚུལ་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྔོ་འགྱུར་ས་ཆ་ཚན་རིག་དང་མཐུན་པའི་ངང་དབྱེ་འབྱེད་བྱེད་པ། ལོ་འཁོར་གྱི་སྔོ་འགྱུར་ལས་འགན་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ། དོན་འཁྱོལ་ཐུབ་ཚད་གནད་ལ་འཁེལ་བའི་ངང་དོ་དམ་བྱེད་པ། སྒྲིག་འགལ་ངང་རྨོ་ཞིང་བཟུང་སྤྱོད་བྱས་ནས་སྔོ་འགྱུར་ནགས་བཟོ་བྱེད་པའི་བྱ་སྤྱོད་གཏན་འགོག་བཅས་བྱེད་དགོས། རྨ་ཆུ་དང་། འབྲི་ཆུ། བྱང་གསུམ་སོགས་ས་ཁོངས་གཙོ་གནད་དུ་བྱས་ཏེ་སྟོབས་ཤུགས་གཅིག་སྡུད་ཀྱིས་རྨོ་བསྐྱུར་ནགས་གསོ་དང་རྩྭ་འདེབས་དང་། པེ་ཅིང་དང་ཐེན་ཅིན་གྱི་བྱེ་རླུང་འབྱུང་ཁུངས་བཅོས་སྐྱོང་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་འདུ་འགོད་སྒྲིག་འཛུགས་དང་ལག་བསྟར་ཡག་པོ་བྱེད་དགོས། ཡུལ་བབ་དང་བསྟུན་པ་དང་། སྔོ་ལྗང་འཚམ་སར་སྔོ་ལྗང་འདེབས་པ། ཞིང་ཆུ་གཏོང་རྒྱུ་འཚམ་སར་ཞིང་ཆུ་གཏོང་བ། རྩྭ་འདེབས་རྒྱུ་འཚམ་སར་རྩྭ་འདེབས་པ་བཅས་བྱས་ཏེ་སྔོ་འགྱུར་གྱི་སྣ་མང་ཅན་དང་རང་ས་ཅན་ལ་སྣང་ཆེན་བྱས་ནས་ཚན་རིག་དང་མཐུན་པའི་ངང་ནགས་ཁྲོད་དཔལ་འབྱོར་སོགས་སྔོ་འགྱུར་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་གཏོང་དགོས། སྐྱེ་ཁམས་མ་ལག་གི་ནང་གནས་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས་སྲུང་སྐྱོང་སྔོན་ལ་བྱེད་པ་དང་རང་བྱུང་སླར་གསོ་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རི་ཆུ་ནགས་ཤིང་དང་། ཞིང་། མཚོ། མཚེའུ། རྩྭ་ཐང་། བྱེ་ས་བཅས་ཁྱོན་ཡོངས་སྲུང་སྐྱོང་དང་། བརྒྱུད་རིམ་ལྡན་པའི་ངང་སླར་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སུང་ཚའེ་ཤན་ནད་འབུ་འགོག་བཅོས་སོགས་ཚན་ཞིབ་ཀྱི་འགག་སྒྲོལ་ལ་དམ་འཛིན་ལྷོད་མེད་བྱེད་དགོས། དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་ནས་ལོ་40འཁོར་བ་གོ་སྐབས་སུ་བྱས་ཏེ་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། འོས་འགན་ཤིང་འཛུགས་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
   ཧན་ཀྲེང་གིས། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་འདེགས་སྐྱོར་འགན་ལེན་མ་ལག་ལ་ཤུགས་སྣོན་རྒྱག་དགོས། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ནགས་ལས་དང་རྩྭ་ཐང་གི་ཐཱན་འདུས་བྱ་སྤྱོད་ཀྱི་ཇུས་གཞི་བཟོ་བ་དང་། མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་གཏོང་བ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཛུགས་མགྱོགས་སུ་གཏོང་བ། སྐྱེ་ཁམས་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ། དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། རིམ་ཁག་སྔོ་འགྱུར་ཨུ་ལྷན་གྱི་ནུས་པ་འདོན་སྤེལ་ཡག་པོ་བཅས་བྱེད་དགོས། ཁྲིམས་བསྟར་ནན་པོ་བྱས་ནས་ནགས་ས་དང་རྩྭ་ཐང་གི་སྤྱོད་སྒོའི་དོ་དམ་ལམ་ལུགས་ལ་ཤུགས་སྣོན་བརྒྱབ་སྟེ་རི་སྐྱེས་སྲོག་ཆགས་ལྐོག་འདྲེན་ལ་རྡུང་རྡེག་ཚ་ནན་གཏོང་དགོས། རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱི་མེ་ཟོན་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་ལས་དོན་འབྲེལ་མཐུད་དང་མཐུན་སྦྱོར་ལ་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ནོར་སྲིད་ཀྱི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བསྟན་པ་རེད།

  
style="display:none;"