མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་གནས་གཏན་འཁེལ་གྱི་རོགས་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་
རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་10ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   དུས་བབ་དང་ལས་འགན་གྱི་འགྱུར་ལྡོག་དང་འཚམ་པར་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་ དར་སྤེལ་གཏོང་བ། ཞིང་ལས་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་གནས་གཏན་འཁེལ་གྱི་རོགས་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་གནས་གཏན་འཁེལ་གྱི་རོགས་སྐྱོར་ལས་དོན་སྤེལ་རྒྱུ་ནི་ཏང་ཀྲུང་དབྱང་གིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། དུས་བབ་དང་ལས་འགན་གྱི་འགྱུར་ལྡོག་དང་འཚམ་པར་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུར་དམིགས་པ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་གནས་གཏན་འཁེལ་གྱི་རོགས་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཤར་ནུབ་རྒྱུད་ཀྱི་ཆ་སྒྲིག་རོགས་སྐྱོར་འབྲེལ་བ་འཐུས་སྒོ་ཚང་དུ་གཏོང་བར་རོགས་སྐྱོར་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་། རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རོགས་སྐྱོར་བྱེད་སྟངས་ལེགས་སུ་གཏོང་བ། ཐོན་ལས་མཉམ་ལས་དང་། ཐོན་ཁུངས་གསབ་རེས། ངལ་ནུས་འབྲེལ་མཐུད། ཤེས་ལྡན་མི་སྣའི་སྤེལ་རེས་བཅས་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཡོངས་ཞུགས་རྒྱུར་སྐུལ་སློང་བཅས་བྱས་ཏེ་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་། མཉམ་ལས་འཕེལ་རྒྱས། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས། ཀྲུང་དབྱང་གི་གནས་གཏན་འཁེལ་གྱི་རོགས་སྐྱོར་ཚན་པས་རོགས་སྐྱོར་གྱི་འགན་འཁྲི་དོན་འཁྱོལ་དང་། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ། རོགས་སྐྱོར་བྱེད་ཐབས་གསར་གཏོད། ལས་ཀའི་མཛུབ་ཁྲིད་ལ་ཤུགས་སྣོན། སྲིད་ཇུས་དོན་འཁྱོལ་ལ་ལྟ་སྐུལ་བཅས་བྱས་ཏེ་རོགས་སྐྱོར་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་དགོས། ཏང་ཡོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་བབ་བསྟུན་འཕྲལ་སྒྲུབ་དང་རྒྱུན་མཐུད་འབད་འཐབ་བྱས་ཏེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
   རྒྱལ་ཡོངས་ཀྱི་ཤར་ནུབ་རྒྱུད་ཀྱི་རོགས་ལས་དང་ཀྲུང་དབྱང་ཚན་པའི་གནས་གཏན་འཁེལ་གྱི་རོགས་སྐྱོར་ལས་དོན་སྐུལ་སྤེལ་ཚོགས་འདུ་ཚེས་8ཉིན་ཉིང་ཞ་དབྱིན་ཁྲོན་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཞུགས་པ་དང་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་གནས་གཏན་འཁེལ་གྱི་རོགས་སྐྱོར་ལས་དོན་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཤར་ནུབ་རྒྱུད་ཀྱི་རོགས་ལས་ཆ་སྒྲིག་འབྲེལ་བ་ལེགས་སྒྲིག་བྱེད་པར་དམ་འཛིན་བྱས་ནས་རོགས་སྐྱོར་ལས་དོན་དང་ལས་བྱེད་པའི་དཔུང་ཁག་བརྟན་པོའི་ངང་བར་བརྒལ་ཐུབ་པའི་འགན་ལེན་བྱེད་དགོས། མཉམ་ལས་རོགས་སྐྱོར་བྱེད་སྟངས་འཚོལ་ཞིབ་བྱེད་མགྱོགས་སུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ཐོན་ལས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། ཁྲོམ་རའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་ཚན་པས་ལས་བྱེད་པ་འདེམས་གཏོང་དང་། མ་དངུལ་རྒྱབ་སྐྱོར། ཐོན་ལས་ལས་ཞུགས་རོགས་སྐྱོར་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ་གནས་གཏན་འཁེལ་གྱི་རོགས་སྐྱོར་བྱ་ཡུལ་རྫོང་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་དགོས།
   ཚོགས་འདུའི་ཐོག་ཤར་ནུབ་རྒྱུད་ཀྱི་མཉམ་ལས་གན་འཇོག་མཛད་སྒོ་འཚོགས་ནས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། ཉིང་ཞ་དང་། པེ་ཅིང་། ཅང་སུའུ། ཧྥུའུ་ཅན། ཀོང་ཏུང་། ཀུའེ་ཀྲོའུ། ཀན་སུའུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད།
   ཤར་ནུབ་རྒྱུད་ཀྱི་མཐུན་སྦྱོར་རོགས་སྐྱོར་ལས་འགན་འཁུར་མཁན་འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་ཀྲུང་དབྱང་ཚན་པའི་གནས་གཏན་འཁེལ་གྱི་རོགས་སྐྱོར་སྣེ་ཁྲིད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། ཀྲུང་དབྱང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གཞུང་དོན་ཁང་དང་། ཞིང་ལས་གྲོང་གསེབ་པུའུ། རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

  
style="display:none;"