མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཆིང་ཧྭ་སློབ་ཆེན་དུ་རྟོག་ཞིབ་གནང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་21ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ཞི་ཅིན་ཕིང་གིས་ཆིང་ཧྭ་སློབ་ཆེན་གྱི་བརྙན་གྲུབ་དང་རིག་ནུས་ལག་རྩལ་ཚོད་ལྟ་ཁང་དུ་དགེ་སློབ་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།

འདི་ནི་ཞི་ཅིན་ཕིང་གིས་ཆིང་ཧྭ་སློབ་ཆེན་གྱི་བརྙན་གྲུབ་དང་རིག་ནུས་ལག་རྩལ་ཚོད་ལྟ་ཁང་དུ་དགེ་སློབ་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།

       ཞི་ཅིན་ཕིང་གིས་ཆིང་ཧྭ་སློབ་ཆེན་དུ་རྟོག་ཞིབ་གནང་སྐབས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཛམ་གླིང་གི་སློབ་ཆེན་རྩེ་གྲ་འཛུགས་སྐྱོང་གི་དམིགས་ཚད་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་འབྱོར་ཕྱུག་ལྡན་པ་དང་། མི་རིགས་བསྐྱར་དར། མི་དམངས་བདེ་སྐྱིད་བཅས་ཡོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཆིང་ཧྭ་སློབ་ཆེན་བཙུགས་ནས་ལོ་110འཁོར་བའི་རྟེན་འབྲེལ་ཉིན་མོ་འཆར་ཉེའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཆིང་ཧྭ་སློབ་ཆེན་དུ་རྟོག་ཞིབ་གནང་ཞིང་། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཆིང་ཧྭ་སློབ་ཆེན་གྱི་དགེ་སློབ་དང་ལས་བཟོ་ཡོངས་དང་རྒྱལ་ཁབ་ཕྱི་ནང་གི་སློབ་གྲོགས་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་སློབ་མ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕུགས་ཇུས་ཀྱི་རྩ་བ་སློབ་གསོ་ཡིན། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཡིན་པ་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་མཐོ་རིམ་སློབ་གསོའི་དགོས་མཁོ་དང་། ཚན་རིག་ཤེས་བྱ་དང་ཕུལ་བྱུང་ཤེས་ལྡན་མི་སྣའི་དགོས་མཁོ་དེ་སྔའི་དུས་གང་རུང་ཞིག་ལས་ཀྱང་ཁ་ཚ་དགོས་གཏུགས་ཆེ་བར་གྱུར་ཡོད། ང་ཚོས་འཛུགས་སྐྱོང་བྱེད་དགོས་པའི་འཛམ་གླིང་གི་སློབ་ཆེན་རྩེ་གྲ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་ཆེན་རྩེ་གྲ་ཡིན་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་ནི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་རྒྱུ་དེ་ཡིན། རང་རྒྱལ་གྱི་མཐོ་རིམ་སློབ་གསོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་གཞི་ཚུགས་པ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་འཆང་བ། འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱེད་པ། འགན་འཁྲི་འཁུར་ཕོད་པ། ལས་དོན་སྒྲུབ་མཁས་པ་བཅས་བྱས་ཏེ་རྒྱལ་ཁབ་འབྱོར་ཕྱུག་ལྡན་པ་དང་། མི་རིགས་བསྐྱར་དར། མི་དམངས་བདེ་སྐྱིད་བཅས་ཡོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། རྒྱ་ཆེའི་ན་གཞོན་ཚོས་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་་མདུན་སྐྱོད་ཀྱི་ཡིད་ཆེས་བརྟན་དུ་བཏང་སྟེ། ཕུགས་འདུན་ཆེན་པོ་འཛུགས་པ་དང་། གནས་ལུགས་ཆེན་པོ་ཤེས་པ། འཇོན་ཐང་ཅན་ལ་འགྱུར་བ། འགན་འཁྲི་ཆེན་པོ་འཁུར་བ་བཅས་བྱས་ཏེ་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་ཕོད་པའི་དུས་རབས་ཀྱི་མི་གསར་ཞིག་ཏུ་ཧུར་ཐག་འགྱུར་བར་བྱས་ནས་མེས་རྒྱལ་དང་། མི་རིགས། མི་དམངས། མིའི་རིགས་བཅས་ཀྱི་ཆེད་འབད་འཐབ་ལྷོད་མེད་བྱེད་རིང་ལང་ཚོའི་མེ་ཏོག་ལྷུག་པོར་བཞད་པར་བྱེད་དགོས།
    སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཙམ་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་། ཆིང་ཧྭ་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཤུས། སློབ་སྤྱི་ཆིའུ་ཡུང་བཅས་ཀྱི་ཕེབས་རོགས་འོག་དང་ཐོག་ཞི་ཅིན་ཕིང་མཛེས་རྩལ་སློབ་གླིང་དུ་ཕེབས་ནས་མཛེས་རྩལ་སློབ་གླིང་གི་སློབ་བཙུགས་རྟེན་འབྲེལ་གྱི་དམིགས་བསལ་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། མཛེས་རྩལ་འགྲེམས་ཁང་ནང་འགྲེམས་པང་རེ་རེའི་སྟེང་ཡིག་རིས་མཉམ་དུ་བཀོད་ཡོད་པ་དང་འགྲེམས་རྫས་རེ་རེར་རང་རང་གི་ཁྱད་ཆོས་ལྡན་ཡོད། ཞི་ཅིན་ཕིང་གིས་བརྗོད་དོན་གཙོ་བོ་གལ་ཆེན་དང་རྒྱལ་ཁབ་ཀྱི་གཟུགས་བརྙན་ཇུས་འགོད་བརྩམས་ཆོས་གསར་རྩོམ་དང་འགྲེམས་སྟོན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། མཛེས་རྩལ་དང་། སྒྱུ་རྩལ། ཚན་རིག ལག་རྩལ་བཅས་ནི་གཅིག་རམ་གཅིག་འདེགས་དང་། ཕན་ཚུན་སྐུལ་འདེད། ཆར་པ་ཆུ་གྲོགས་བཅས་རེད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་མཛེས་རྩལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ་མཛེས་རྩལ་གྱི་གཞི་རྒྱུ་དང་སྒྱུ་རྩལ་གྱི་གཞི་རྒྱུ་དེ་བས་མང་བ་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་འཛུགས་སྐྲུན་ཁྲོད་སྤྱོད་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཛེས་དཔྱོད་ཉམས་འགྱུར་དང་རིག་གནས་ཀྱི་སྤུས་ཚད་མཐོ་རུ་བཏང་སྟེ། མཛེས་རྩལ་གྱི་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བའི་དགོས་མཁོར་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་དགོས། རིག་གནས་ཀྱི་གདེང་ཚོད་ཆེ་རུ་བཏང་ནས་མཛེས་སྡུག་མཚམས་སྦྱོར་བྱས་ཏེ་རྒྱལ་སྤྱིའི་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།
   ཆིང་ཧྭ་སློབ་ཆེན་གྱི་བརྙན་གྲུབ་དང་རིག་ནུས་ལག་རྩལ་ཚོད་ལྟ་ཁང་2001ལོར་བཙུགས་ཤིང་། དེས་གཙོ་བོ་རྩིས་རྒྱག་བརྙན་ལེན་དང་། དབང་རྩའི་ཚན་རིག་དང་མི་ཐབས་རིག་ནུས་རྒྱལ་སྤྱིའི་ཚན་རིག་གསར་ཤོས་དང་སྣོལ་འདྲེས་ཚན་རིག་སོགས་རྨང་གཞིའི་རིགས་པའི་གཞུང་ལུགས་དང་འགག་རྩའི་ལག་རྩལ་ལ་ཞིབ་འཇུག་བྱེད་ཀྱི་ཡོད། ཞི་ཅིན་ཕིང་དེ་གར་ཕེབས་ནས་འགྲེམས་པང་དང་གློག་རྡུལ་བརྙན་ཤེལ་ནས་ཚོད་ལྟ་ཁང་དུ་རྩིས་རྒྱག་འོད་རིག་པ་དང་། དབང་རྩའི་ཚན་རིག་དང་མི་ཐབས་རིག་ནུས་སྣོལ་འདྲེས་ཚན་རིག་གི་ཚོད་ལྟའི་ཞིབ་འཇུག་དང་ཚན་རྩལ་གསར་པའི་བཀོལ་སྤྱོད་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་ཚོད་ལྟ་ཁང་གི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་། ལག་རྩལ་འགག་སྒྲོལ། གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ཀྱང་གསན་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོའི་སློབ་གསོས་སློབ་དཔོན་ཆེ་མོ་གསོ་སྐྱོང་བྱེད་ཐུབ། ང་ཚོས་སེམས་སུ་གདེང་ཚོད་དེ་འདྲ་བཅངས་ནས་མཐོང་རྒྱ་ཡངས་སུ་གཏོང་བ་དང་མཉམ་སྡུད་མཉམ་གསོག་བྱས་ཏེ་ཀྲུང་གོའི་སློབ་གསོ་ཏན་ཏིག་ངང་ཡག་པོ་གཉེར་དགོས། ཐོག་མའི་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་དེ་རྨང་གཞིའི་ཞིབ་འཇུག་གཏིང་ཟབ་བྱས་པ་ལས་ཐོན་པ་དང་། རིག་ཚན་སྣོལ་འདྲེས་ཁྱབ་ཁོངས་ནས་ཐོན་གྱི་ཡོད་པས་སློབ་ཆེན་ལ་ཕྱོགས་དེ་གཉིས་ཐད་ལྷན་སྐྱེས་ཀྱི་ལེགས་ཆ་ལྡན་ཡོད། རྨང་གཞིའི་ཞིབ་འཇུག་ལ་རྒྱུན་མཐུད་ངང་མ་དངུལ་གཏོང་རྒྱུ་རྒྱུན་འཁྱོངས་དང་རང་མོས་འཚོལ་ཞིབ་ལ་ལྕག་སྐུལ་བྱས་ནས་ད་ཡོད་ཀྱི་རིགས་པའི་གཞུང་ལུགས་ལ་དོགས་འདྲི་བྱེད་ཕོད་པ་དང་ཁ་ཕྱོགས་གསར་པ་གཏོད་ཕོད་པ་བྱེད་དགོས་ཞེས་གསུངས་པ་རེད།
    ཆུ་ཚོད་11དང་སྐར་མ་20ཙམ་ལ་ཞི་ཅིན་ཕིང་ཆིང་ཧྭ་སློབ་ཆེན་ལུས་རྩལ་ཁང་ནུབ་མའི་རྒྱབ་ཁང་དུ་ཕེབས་ནས་དགེ་སློབ་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། ཆིང་ཧྭ་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཤུས་དང་། སློབ་སྤྱི་ཆིའུ་ཡུང་། ཨར་ལས་བཟོ་སྐྲུན་ཚན་ཁག་གི་དགེ་རྒན་ཉེ་ཅན་གོ སྤྱི་པའི་དོ་དམ་སློབ་གླིང་གི་དགེ་རྒན་མེ་ཚི་ཆི། བཟོ་སྐྲུན་དང་དངོས་ཁམས་ཚན་ཁག་གི་ལོ་འདི་གའི་འབུམ་རམས་པའི་སློབ་ཐོན་སློབ་མ་སུན་ཆི་མིང་། མི་ཆོས་རིག་གནས་སློབ་གླིང་གི་ལོ་རིམ་གཉིས་པའི་དངོས་གཞིའི་ཚན་ཁག་གི་སློབ་མ་ལི་རུན་ཧྥུང་བཅས་ཀྱིས་ཁག་སོ་སོར་གཏམ་བཤད་སྤེལ་བ་རེད། ཞི་ཅིན་ཕིང་གིས་ཁོང་ཚོའི་གཏམ་བཤད་ནན་ཏན་ངང་གསན་སྐབས་ཚོགས་རའི་རྣམ་པ་བག་ཕེབས་དང་འཁྲུག་ཆ་ལྡན་པར་གྱུར།
   མཇུག་ཏུ་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཆིང་ཧྭ་སློབ་ཆེན་ནི་རྒྱལ་ཁབ་དང་མི་རིགས་ལ་དཀའ་ཉེན་འཕྲད་པའི་དུས་སུ་བཙུགས་པ་དང་། རྒྱལ་ཁབ་དང་མི་རིགས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་དུས་སུ་འཚར་ལོངས་བྱུང་བ། རྒྱལ་ཁབ་དང་མི་རིགས་དར་རྒྱས་ཀྱི་དུས་སུ་འཕེལ་རྒྱས་བྱུང་ཡོད། ལོ་110ཡི་རིང་ཆིང་ཧྭ་སློབ་ཆེན་གྱིས་ཀྲུང་གོའི་ས་གཞི་ཆེ་མོར་རྩ་བ་བརྟན་པོ་ཚུགས་ནས་རྒྱལ་གཅེས་ལེགས་སྐྱེས་དང་ཁྱད་འཕགས་དོན་གཉེར་གྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་སྐྱེད་སྲིང་བྱས་ཡོད་ལ། དམར་ཞིང་མཁས་པ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་དཔེ་ཁྲིད་མི་སྐྱོང་གི་ཁྱད་ཆོས་གྲུབ་སྟེ་རྒྱལ་ཁབ་དང་། མི་རིགས། མི་དམངས་བཅས་ཀྱི་ཆེད་དུ་ལས་འགན་ཆེན་པོ་འཁུར་ཐུབ་པའི་ཕུལ་བྱུང་ཤེས་ལྡན་པ་འབོར་ཆེན་ཞིག་གསོ་སྐྱོང་བྱས་ཡོད། འདི་ནི་མི་རབས་ནས་མི་རབས་བར་གྱི་ཆིང་ཧྭ་བས་འབད་འཐབ་ལྷོད་མེད་དང་། ཡང་རྩེར་འཛེག་ཕོད་པ། རྩེར་སོན་བརྩོན་ལེན་བཅས་བྱས་པའི་འབྲས་བུ་རེད་ཅེས་གསུངས་པ་རེད།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཆིང་ཧྭ་སློབ་ཆེན་གྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་ནི་རང་རྒྱལ་གྱི་མཐོ་རིམ་སློབ་གསོ་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན། རང་རྒྱལ་གྱི་མཐོ་རིམ་སློབ་གསོ་དེ་ཆུང་བ་ནས་ཆེ་བའི་བར་དང་ཉམས་ཞན་ནས་སྟོབས་ཆེ་བར་གྱི་སྤྱིར་བཏང་གཏན་ནས་མིན་པའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་མྱོང་བ་མ་ཟད། སློབ་གཉེར་གྱི་གཞི་ཁྱོན་དང་། གསོ་སྐྱོང་གི་སྤུས་ཚད། ཞབས་ཞུའི་ནུས་པ་བཅས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཀྱང་བྱུང་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་མཐོ་རིམ་སློབ་གསོས་མེས་རྒྱལ་དང་མཉམ་དུ་མདུན་སྐྱོད་དང་དུས་རབས་དང་མཉམ་དུ་བསྐྱོད་དེ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བཏོད་ཡོད།
    ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་གཅིག་གི་མཐོ་རིམ་སློབ་གསོའི་མ་ལག་ལ་སློབ་ཆེན་ཚོགས་སྤྱི་རྩེ་གྲའི་འདེགས་སྐྱོར་ནུས་ལྡན་དགོས་པ་དང་། སློབ་ཆེན་ཚོགས་སྤྱི་རྩེ་གྲའི་ཆུ་ཚད་དང་སྤུས་ཚད་ཀྱིས་མཐོ་རིམ་སློབ་གསོའི་མ་ལག་གི་ཆུ་ཚད་དང་སྤུས་ཚད་གཏན་འཁེལ་བྱེད་ཀྱི་ཡོད། སློབ་ཆེན་རྩེ་གྲ་འཛུགས་སྐྲུན་བྱེད་པར་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མཐའ་འཁྱོངས་བྱེད་པ། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་རྒྱུར་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པའི་ཚན་རྩལ་འཕེལ་རྒྱས་གཏོང་བ་དང་། ཐོན་ཁུངས་ཨང་དང་པོ་ཡིན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ། སྒུལ་ཤུགས་ཨང་དང་པོ་ཡིན་པའི་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་བཅས་དང་ཟུང་འབྲེལ་བྱས་ནས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་དགོས།
    ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ཀྲུང་གོའི་གཞོན་ནུ་ནི་དུས་རབས་གསར་པ་དང་མཉམ་དུ་མདུན་སྐྱོད་བྱེད་མཁན་གྱི་མི་རབས་ཤིག་ཡིན་པ་མ་ཟད། བསྐལ་པ་བཟང་བའི་དུས་སུ་འཁེལ་བ་དང་ཕྲག་ཐོག་གི་འགན་འཁྲི་ལྕི་པོ་ཡོད། རྒྱ་ཆེའི་གཞོན་ནུ་ཚོས་རྒྱལ་གཅེས་དམངས་གཅེས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ཁྲོད་དད་སེམས་འཕེལ་བ་དང་། བློ་སྒོ་འབྱེད་པ། སྟོབས་ཤུགས་བསྡུ་ལེན་བཅས་བྱེད་པ་དང་། “གདེང་ཚོད་བཞི”ཟམ་མི་ཆད་མེད་པར་བརྟན་དུ་གཏོང་བ། ཀྲུང་གོ་བ་ཞིག་བྱེད་པའི་བློ་སྟོབས་དང་། སྙིང་རུས། གཏིང་ཤུགས་བཅས་ཟམ་མི་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་མེས་རྒྱལ་དང་མི་དམངས་ཆེད་ནམ་ཡང་འབད་འཐབ་དང་ལྷག་བསམ་ཟོལ་མེད་ངང་ལེགས་སྐྱེས་འབུལ་རྒྱུའི་ཕུགས་བསམ་བརྟན་པོ་འཛུགས་དགོས། ཀུན་སྤྱོད་ལ་ཞུན་བརྡར་བྱས་ཏེ་རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། རང་རྟོགས་ངང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་། བློ་སྒོ་འབྱེད་པ། སེམས་སུ་ཟུག་པར་བྱེད་པ། ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ། བདེན་རྫུན་དྲང་འཁྱོག་གསལ་པོ་འབྱེད་པ། རང་ངོས་ཀྱི་ངེས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མཐོ་ཚད་དེ་བས་མཐོ་བ་དང་། བསམ་བློའི་འཁྱེར་སོ་དེ་བས་མཐོ་བ། ཀུན་སྤྱོད་དེ་བས་ལེགས་པ་བཅས་ཀྱི་མི་ཚེ་དོན་གཉེར་བྱེད་དགོས། གསར་གཏོད་ཕོད་པ་བྱས་ཏེ་དུས་རབས་ཀྱི་རླབས་རྒྱུན་དང་རྒྱལ་ཁབ་ཀྱི་དགོས་མཁོར་གོ་བ་གཏིང་ཟབ་ལེན་པ་དང་། གཞན་གྱི་སྔོན་དུ་བྱེད་ཕོད་པ་དང་ཚད་བརྒལ་བྱེད་ཕོད་པ། སྤྱང་གྲུང་དང་བློ་གྲོས་ལ་བརྟེན་ནས་རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་བ། གསར་འབྱེད་ཡར་བརྩོན་གྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་དགོས། དངོས་སྦྱོང་དངོས་སྒྲུབ་བྱས་ཏེ་ཏན་ཏན་ཏིག་ཏིག་དང་། དཀའ་སྤྱད་སྙིང་རུས། འབད་འབུངས་ལྷོད་མེད། སྐོམ་པ་ཆུ་འདོད་ལྟར་བཅས་བྱས་ནས་ཤེས་བྱའི་ཡང་རྩེར་འཛེག་པའི་ཁྲོད་ཕུལ་བྱུང་དོན་གཉེར་དང་། དུས་རབས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་སྐབས་བྱ་སྤྱོད་གཙོ་བོར་འཛིན་པ། འབད་འཐབ་ལྷོད་མེད་ཀྱི་དངོས་སྒྲུབ་ཁྲོད་བྱ་གཞག་གཏོད་པ་བཅས་བྱེད་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དགེ་རྒན་ནི་སློབ་གསོའི་ལས་དོན་གྱི་རྐང་འཛིན་སྟོབས་ཤུགས་ཡིན་པས། ཆུ་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་མེད་ཚེ། ཆུ་ཚད་མཐོ་བའི་གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་བྱེད་དཀའ་བ་མ་ཟད། ཆུ་ཚད་མཐོ་བའི་གསར་གཏོད་ཀྱི་གྲུབ་འབྲས་ཀྱང་ཐོབ་མི་ཐུབ། སློབ་གྲྭ་ཆེ་མོའི་དགེ་རྒན་ལ་སློབ་མར་ཤེས་བྱ་སློབ་ཁྲིད་དང་། ནུས་པ་གསོ་སྐྱོང་། ཡང་དག་པའི་མི་ཚེའི་ལྟ་བ་གཏོད་པ་བཅས་བྱེད་པའི་འགན་འཁྲི་ཡོད། དགེ་རྒན་རྣམས་སློབ་དཔོན་ཆེན་མོར་འགྱུར་བར་བྱས་ཏེ་སློབ་སྦྱོང་དང་། བྱ་བ། ཀུན་སྤྱོད་བཅས་ཐད་སློབ་མ་ཚོའི་མིག་དཔེར་འགྱུར་བར་བྱས་ནས་སློབ་མ་རྣམས་ཕྱོགས་ཡོངས་ཡར་རྒྱས་ཀྱི་མི་ཞིག་ཏུ་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས། གནད་དོན་ངོ་མར་ཞིབ་འཇུག་བྱས་ཏེ་འཛམ་གླིང་རིག་གཞུང་གི་མདུན་གྲལ་དང་རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་དམིགས་པ་དང་གནད་དོན་དངོས་ཐག་གཅོད་བྱེད་པར་འབད་བརྩོན་བྱས་ཏེ་ཤེས་བྱ་གསར་པ་དང་། ལག་རྩལ་གསར་པ། རིགས་པའི་གཞུང་ལུགས་གསར་པ་བཅས་སློབ་སྦྱོང་བྱེད་མཁས་པོ་བྱེད་དགོས། དད་སེམས་བརྟན་དུ་བཏང་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་དང་མཉམ་དུ་ལངས་ཏེ། རང་རྟོགས་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་བརྟན་པོ་འཆང་མཁན་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་དགོས།
   ཞི་ཅིན་ཕིང་སློབ་གྲྭ་ནས་ཞལ་གྱེས་སྐབས་ལུས་རྩལ་ཐང་དང་ལམ་འགྲམ་དུ་ཡོད་པའི་དགེ་སློབ་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་ཆབས་ཅིག“སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང” “སློབ་གྲོགས་རྒན་པ་སྐུ་ཁམས་བཟང” “མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག” “ཆིང་ཧྭ་ཤུགས་རྒྱོབ”ཅེས་སྐད་གསང་མཐོན་པོས་འབོད། ཞི་ཅིན་ཕིང་གིས་ཀྱང་བརྩེ་སེམས་ཟབ་མོས་ཚང་མར་ཕྱག་གཡུག་གཡུག་གནང་ཞིང་། ཐལ་མོའི་རྡེབ་སྒྲ་དང་འཚམས་འདྲིའི་སྒྲ་སློབ་གྲྭའི་ས་ཕྱོགས་གང་སར་ཡང་ཡང་གྲགས།

འདི་ནི་ཞི་ཅིན་ཕིང་དགེ་སློབ་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བཞིན་པ།
འདི་ནི་ཞི་ཅིན་ཕིང་དགེ་སློབ་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བཞིན་པ།

  
style="display:none;"