མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་ཀྱིས་ཀྲུང་ཨུའི་སྲིད་འཛིན་ཏང་གི་
གླེང་མོལ་ལམ་སྲོལ་གྱི་ཚོགས་འདུ་ཐེངས་དགུ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་22ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་ཀྲུང་ཨུའི་སྲིད་འཛིན་ཏང་གི་གླེང་མོལ་ལམ་སྲོལ་གྱི་ཚོགས་འདུ་ཐེངས་དགུ་པ་དྲ་ཐོག་ནས་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་ཀྱིས་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
   ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་གསུངས་ཤིང་། ཁོང་གིས་2021ལོ་ནི《ཀྲུང་ཨུའི་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཆིངས་ཡིག》བཞག་ནས་ལོ་ངོ་20འཁོར་བའི་ལོ་རེད་ལ། ཀྲུང་གོ་གུང་ཁྲན་ཏང་གིས་གཅིག་གྱུར་ཨུ་རུ་སུའི་ཏང་དང་འབྲེལ་བ་བཙུགས་ནས་ལོ་ངོ་20འཁོར་བའི་ལོ་ཞིག་ཀྱང་རེད། ལོ་ངོ་20ཡི་རིང་ཀྲུང་ཨུས་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་འདུ་ཤེས་དང་རྒྱལ་སྤྱིའི་འབྲེལ་བ་གསར་པའི་རྩ་དོན་དར་སྤེལ་བཏང་སྟེ། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་དམ་ཟབ་བྱས་ནས་དེང་སྐབས་འཛམ་གླིང་ཐོག་གི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་ཁྲོད་ཀྱི་མིག་དཔེ་བཏོད་ཡོད། ཏང་གཉིས་པོས་ལམ་སྲོལ་ཅན་གྱི་འགྲོ་འོང་ཡུན་རིང་བྱས་ཏེ། ཀྲུང་ཨུའི་དབར་ཆབ་སྲིད་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་བ་དང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་གཉིས་ཁེ་མཉམ་ལས་ལ་སྐུལ་འདེད་བཏང་ཡོད་ཅེས་གསུངས་ཡོད།
   ཞི་ཅིན་ཕིང་གིས་མིག་སྔར་དུས་རབས་ཀྱི་རིམས་ནད་དང་ལོ་བརྒྱའི་འགྱུར་ལྡོག་ཆེ་བའི་དུས་བབ་མཉམ་འདྲེས་ཉིས་རྩེག་ཐོན་ནས། འཛམ་གླིང་འདི་ཉིད་ཡོ་ལང་དང་འཕོ་འགྱུར་ཆེ་བའི་དུས་སྐབས་ཤིག་ཏུ་གྱར་ཡོད། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཆེ་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་ཟབ་ཏུ་བཏང་སྟེ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་གཞོམ་མེད་བྲག་རི་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་དགོས། ད་རེས་ཀྱི་ཚོགས་འདུར་ཞུགས་པའི་ཏང་གཉིས་པོའི་འཐུས་མིས་སྤེལ་རེས་གཏིང་ཟབ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ཏེ། 
    ཏང་གཉིས་པོའི་འཐབ་ཇུས་མཉམ་ལས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་འགོ་བཙུགས་ནས་དུས་རབས་གསར་པའི་ཀྲུང་ཨུའི་འབྲེལ་བ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། དེ་བས་གཞུང་དྲང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་བཅས་ཀྱི་ཆེད་དུ། རྒྱལ་ཁབ་གཉིས་པོའི་སྲིད་འཛིན་ཏང་གི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།
   ཕུའུ་ཅིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ཨུ་རུ་སུ་དང་ཀྲུང་གོའི་ཆབ་སྲིད་ཀྱི་སྟོབས་ཤུགས་གཙོ་བོ་ཡིན་པའི་གཅིག་གྱུར་ཨུ་རུ་སུའི་ཏང་དང་ཀྲུང་གོ་གུང་ཁྲན་ཏང་གཉིས་པོས་འདི་ལོ་ཏང་གི་དྲན་གསོའི་རང་བཞིན་གྱི་མཚམས་ཚིགས་གལ་ཆེན་གཉིས་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་གཅིག་གྱུར་ཨུ་རུ་སུའི་ཏང་དབུ་བརྙེས་ནས་ལོ་ངོ་20འཁོར་བར་བསུ་བ་ཞུ་རྒྱུ་རེད། ཏང་གཉིས་པོའི་དབར་གྱི་སྐད་ཆ་ཤོད་རེས་ནི་སྔར་ནས་ད་བར་དུ་ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་རེད། དེ་ལས་ལྷག་པ་ཞིག་ནི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་རུང་། ཀྲུང་དབྱང་དང་ས་གནས་རིམ་ངོས་ནས་གཅིག་གྱུར་ཨུ་རུ་སུའི་ཏང་དང་ཀྲུང་གོ་གུང་ཁྲན་ཏང་དབར་ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་ནས་འགྲོ་འོང་རྒྱུན་འཁྱོངས་བྱུང་བ་དེ་རེད། ཕྱོགས་གཉིས་པོས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་གྲོས་གཞི་གལ་ཆེན་མང་པོར་གྲོས་བསྡུར་གཏིང་ཟབ་བྱས་པ་དང་། དེ་བཞིན་ཏང་འཛུགས་སྐྱོང་དང་ཁྲིམས་འཛུགས་ལས་དོན་སོགས་ལ་དམིགས་ཏེ་ལག་ལེན་གྱི་ཉམས་མྱོང་སྤེལ་རེས་བྱས་པ་ལས། ཕན་པ་ཆེ་བ་དང་དོན་དངོས་ཀྱི་དགོས་མཁོ་དང་མཐུན་པའི་སྤྱི་ཚོགས་ཀྱི་ཆབ་སྲིད་གྲོས་འགོ་མང་པོ་མཐུན་སྦྱོར་ངང་གྲུབ་ཡོད། ད་ཐེངས་ཀྱི་ཚོགས་འདུར་ཞུགས་པའི་འཐུས་མི་ཚོས་དགེ་མཚན་ལྡན་ལ་ཕན་འབྲས་ཆེ་བའི་ལས་དོན་སྤེལ་ཏེ། ཨུ་ཀྲུང་རྒྱལ་ཁབ་གཉིས་པོ་དང་དེ་བཞིན་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གཅུགས་ཟབ་ཏུ་དང་ཕན་ཚུན་བསམ་ཤེས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།

  
style="display:none;"