མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཝང་ཆི་ཧྲན་གྱིས་ཀྲུང་གོ་དང་ཨ་རིའི་དབར“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”བཙུགས་ནས་ལོ་ངོ་50འཁོར་བར་
དྲན་གསོ་ཞུ་བའི་བྱེད་སྒོའི་ཐོག་ཤིས་ཚིག་གསུངས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་26ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་གོ་དང་ཨ་རིའི་དབར“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”བཙུགས་ནས་ལོ་ངོ་50འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོའི་ཐོག་བརྙན་ལམ་བརྒྱུད་ནས་ཤིས་ཚིག་གསུངས་པ་རེད།
   ཝང་ཆི་ཧྲན་གྱིས“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”བཙུགས་པ་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ལོ་རྒྱུས་ཐོག་གི་གཏམ་བཟང་ཞིག་རེད། “སྤོ་ལོ་ཆུང་བས་ཆེ་བ་བསྒུལ”ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་རྒྱུན་གཏན་ཅན་དུ་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་འཕེལ་རིམ་བྱུང་འགོ་ཚུགས་ཡོད། ལོ་ངོ་50ཡི་རིང་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཁྲོད་དཀའ་ངལ་མང་པོ་འཕྲད་ཀྱང་སྤྱིའི་ཆ་ནས་རྒྱུན་མི་ཆད་པར་མདུན་སྐྱོད་བྱས་པས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཐོབ་ཡོད་ལ། འཛམ་གླིང་དར་རྒྱས་བརྟན་ལྷིང་ཡོང་བར་སྐུལ་མའང་ཐེབས་ཡོད་ཅེས་གསུངས།
   ཝང་ཆི་ཧྲན་གྱིས་མིག་སྔར་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འགག་རྩའི་དུས་སུ་གནས་ཡོད། འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེ་ཤོས་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་གཉིས་ཡིན་པའི་ངོས་ནས་ཀྲུང་གོ་དང་ཨ་རི་འཆམ་མཐུན་བྱུང་ན་གཉིས་ཀར་ཕན་པ་དང་། འཐབ་རྩོད་བྱས་ན་གཉིས་ཀར་གནོད་པས་མཉམ་ལས་ནི་ཕྱོགས་གཉིས་པོའི་ཡང་དག་པའི་གདམ་ག་གཅིག་པུ་དེ་ཡིན། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལོ་གསར་གནམ་གང་ལ་ཞལ་པར་ཐོག་ནས་བཀའ་མོལ་གནང་བའི་དགོངས་དོན་གཞིར་བཟུང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནས་འགོ་བཙུགས་ཏེ་ལོ་རྒྱུས་ཁྲོད་ནས་བློ་སྐྱེད་དང་སྒུལ་ཤུགས་ལེན་པ་དང་། མཉམ་ལས་ལ་དམིགས་པ། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་བཅས་བྱས་ནས་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་ཏོག་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་བ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བ། འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བཅས་ལ་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
   ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས། ཀྲུང་གོ་དང་ཨ་རིའི་མི་དམངས་མཛའ་གྲོགས་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད། ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅི་ཤིང་ཀེ་སོགས་ཀྱིས་བརྙན་ལམ་ནས་ཤིས་ཚིག་གསུངས་པ་དང་། ཀྲུང་གོ་དང་ཨ་རིའི“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”ནང་ཞུགས་མྱོང་མཁན་སོགས་མི་སྣ་400ལྷག་ཙམ་དྲ་ཐོག་དང་དྲ་ཕྱིའི་རྣམ་པའི་ཐོག་ནས་དྲན་གསོའི་བྱེད་སྒོར་ཞུགས་ཡོད་པ་རེད།

  
style="display:none;"