མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་ལོ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་60འཁོར་བའི་དུས་སུ། ཞི་ཅིན་ཕིང་དང་
ལོ་སི་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དབར་ཕན་ཚུན་རྟེན་འབྲེལ་
གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་27ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ལི་ཁེ་ཆང་དང་ལོ་སི་སྲིད་གཞུང་གི་ཙུང་ལི་ཧྥན་ཁན་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་25ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་རྣམ་གཉིས་ཀྱིས་ཀྲུང་ལོ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་60འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།
    ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་ནང་། ཀྲུང་ལོ་རྒྱལ་ཁབ་གཉིས་ནི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་དང་གཞོམ་ཞིག་མེད་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་ངོ་60ཡི་རིང་ཀྲུང་ལོ་རྒྱལ་ཁབ་གཉིས་ཀྱིས་སྔ་བར་ཕྱི་གསུམ་དུ་སེམས་པ་གཅིག་མཐུན་དང་ལྷག་བསམ་ཟོལ་མེད་ཀྱི་འབྲེལ་བ་བཙུགས་ནས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་དར་སྤེལ་དང་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་བདེ་བསྐྲུན་པ་དང་། རྒྱལ་ཁབ་དབར་འགྲོ་འོང་བྱེད་པའི་མིག་དཔེ་བཏོད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བ་བཅས་བྱས་ཡོད། ཏོག་གསར་རིམས་ནད་ཐོན་རྗེས་ཀྲུང་ལོ་རྒྱལ་ཁབ་གཉིས་ཀྱིས་ཕྱར་བ་གྲུ་འདེགས་དང་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱས་ཏེ། སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་ལྟ་རེས་སྐྱོང་རེས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་སྙིང་སྟོབས་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད་ཅེས་བསྟན་གནང་བ་རེད།
    ཞི་ཅིན་ཕིང་གིས། ངས་ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཀྱི་ཡོད། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་མཉམ་དུ་འབད་འཐབ་བྱས་ནས་ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་བྱ་སྤྱོད་འཆར་གཞི་དོན་འཁྱོལ་བྱེད་རྒྱུ་གཙོ་རྐང་དུ་བྱེད་པ་དང་། མཐོ་རིམ་འགྲོ་འོང་བྱེད་ཟབ་ཏུ་གཏོང་བ། འཐབ་ཇུས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཀྲུང་ལོ་རྒྱལ་ཁབ་གཉིས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྲུན་དེ་ལོ་ངོ་60རྗེས་མའི་སྐས་རིམ་གསར་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ནམ་ཡང་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། བློ་མཐུན་ཡག་པོ། རོགས་ཟླ་ཡག་པོ་བཅས་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
    ཐུང་ལུན་གྱི་རྟེན་འབྲེལ་གློག་འཕྲིན་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་རིང་ཐོབ་པའི་རླབས་ཆེན་གྲུབ་འབྲས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་། ལོ་སི་ཕྱོགས་ཀྱིས་རིམས་ནད་འགོག་རྒོལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཀྲུང་གོ་ཕྱོགས་ཀྱིས་རྩ་ཆེའི་རོགས་རམ་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་བཟང་ཤོས་སུ་སླེབས་ཡོད། ལོ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཛའ་མཐུན་འགྲོ་འོང་རྒྱ་ཆེར་བཏང་ནས་ལོ་ཀྲུང་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྲུན་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
    ཉིན་དེ་རང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ལོ་སི་སྲིད་གཞུང་གི་ཙུང་ལི་ཧྥན་ཁན་དབར་ཡང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད། ལི་ཁེ་ཆང་གི་རྟེན་འབྲེལ་གློག་འཕྲིན་ནང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་ཀྲུང་གོ་ཕྱོགས་ཀྱིས་ལོ་སི་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཡིད་ཆེས་བྱེད་རེས་ཟབ་ཏུ་གཏོང་བ་དང་། གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱི་འབྲེལ་བཙུགས་པ་དང་ཀྲུང་ལོའི་མཛའ་མཐུན་ལོའི་རྟེན་འབྲེལ་བྱེད་སྒོ་ཡག་པོ་གཉེར་བ། ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད། ཧྥན་ཁན་གྱིས་རྟེན་འབྲེལ་གློག་འཕྲིན་ནང་། ལོ་སི་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ལོ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་འབྲེལ་བར་གཅེས་སྤྲས་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་ལོ་ཀྲུང་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་འདུས་གྲུབ་ཧུར་ཐག་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"