མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀོང་ཤིས་སུ་རྟོག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་29ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ཚེས་27ཉིན་གྱི་སྔ་དྲོ་ཞི་ཅིན་ཕིང་གིས་ནན་ཉིང་གྲོང་ཁྱེར་ཀོང་ཤིས་མི་རིགས་རྟེན་རྫས་བཤམས་མཛོད་ཁང་གི་ཕྱི་རོལ་དུ་གསུམ་པའི་ཚེས་གསུམ་གྱི“གླུ་གར་འདུ་ཚོགས”ཀྱི་མི་རིགས་རིག་གནས་བྱེད་སྒོར་ཞུགས་པའི་མི་རིགས་ཁག་གི་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།

འདི་ནི་ཚེས་27ཉིན་གྱི་སྔ་དྲོ་ཞི་ཅིན་ཕིང་གིས་ནན་ཉིང་གྲོང་ཁྱེར་ཀོང་ཤིས་མི་རིགས་རྟེན་རྫས་བཤམས་མཛོད་ཁང་གི་ཕྱི་རོལ་དུ་གསུམ་པའི་ཚེས་གསུམ་གྱི“གླུ་གར་འདུ་ཚོགས”ཀྱི་མི་རིགས་རིག་གནས་བྱེད་སྒོར་ཞུགས་པའི་མི་རིགས་ཁག་གི་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།

    ཞི་ཅིན་ཕིང་གིས་ཀོང་ཤིས་སུ་རྟོག་ཞིབ་གནང་སྐབས། བསམ་བློར་བཅིངས་འགྲོལ་དང་། སྒྱུར་བཅོས་ཟབ་གཏོང་། ནུས་སེམས་གཅིག་སྒྲིལ། འགན་འཁུར་དངོས་སྒྲུབ་བཅས་ཀྱི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བརྗིད་ཆགས་ཡིད་འོང་གི་ཀོང་ཤིས་འཛུགས་སྐྲུན་བྱེད་དགོས་པའི་ནན་བཤད་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་ནན་ཉིང་ནས་ཟླ་4ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀོང་ཤིས་སུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། བསམ་བློར་བཅིངས་འགྲོལ་དང་། སྒྱུར་བཅོས་ཟབ་གཏོང་། ནུས་སེམས་གཅིག་སྒྲིལ། འགན་འཁུར་དངོས་སྒྲུབ་བཅས་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། དེ་བཞིན་མཐའ་མཚམས་མི་རིགས་ས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལམ་བུ་གསར་པ་གཏོད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གསར་པ་སྤོ་བ། མི་རིགས་མཐུན་སྒྲིལ་སྲ་བརྟན་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། མཐའ་མཚམས་བདེ་འཇགས་བཅས་ཀྱི་ཐད་འགན་འཁྲི་གསར་པ་ཁུར་ཕོད་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བརྗིད་ཆགས་ཡིད་འོང་གི་ཀོང་ཤིས་འཛུགས་སྐྲུན་བྱེད་དགོས།
    ཟླ་4ཚེས་25ནས་27ཉིན་བར་ཞི་ཅིན་ཕིང་གིས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལུའུ་ཤིན་ཧྲེ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ལན་ཐེན་ལིའི་ཕེབས་རོགས་འོག ཀུའེ་ལིན་དང་། ལིའུ་ཀྲོའུ། ནན་ཉིང་སོགས་ཀྱི་གསར་བརྗེའི་དྲན་གསོ་ཁང་དང་། གྲོང་གསེབ། ཁེ་ལས། མི་རིགས་རྟེན་རྫས་བཤམས་མཛོད་ཁང་སོགས་ལ་སྔ་རྗེས་སུ་ཕེབས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་བྱེད་ཚུལ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུལ། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་བར་སྐུལ་འདེད་གཏོང་ཚུལ་སོགས་ལ་བརྟག་ཞིབ་གནང་བ་རེད།
    ཚེས་25ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ཀུའེ་ལིན་གྲོང་ཁྱེར་ཆོན་ཀྲོའུ་རྫོང་ཚའེ་དབན་གྲོང་རྡལ་དུ་ཡོད་པའི་དམར་དམག་རྒྱང་སྐྱོད་ཀྱི་ཤང་ཅང་གཡུལ་འགྱེད་དྲན་གསོ་གླིང་དུ་ཕེབས་ཏེ་ཤང་ཅང་གཡུལ་འགྱེད་ཁྲོད་སྐུ་གཤེགས་པའི་དམར་དམག་གི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་བ་དང་འབྲེལ་གུས་འདུད་ལན་གསུམ་ཞུས་པ་དང་། “དམར་དམག་གི་བླ་སྲོག”ཅེས་པའི་བརྐོས་བརྙན་ལ་གུས་མཇལ་ཞུས་པ་མ་ཟད། དྲན་གསོ་ཁང་ལ་གཟིགས་སྐོར་ཡང་གནང་བ་རེད། 1934ལོའི་ལོ་མཇུག་ཏུ་ཀྲུང་གུང་ཀྲུང་དབྱང་དང་ཀྲུང་དབྱང་དམར་དམག་གི་གཙོ་ཤུགས་དམག་དཔུང་གིས་ཤང་ཅང་གཙང་པོ་བརྒལ་ནས་དམར་དམག་ཤང་ཅང་གཙང་པོའི་ཤར་རྒྱུད་དུ་བསྐོར་བཅོམ་བྱ་རྩིས་ཀྱི་དགྲ་བོའི་ལྐོག་ཇུས་ཐལ་བའི་རྡུལ་དུ་བརླག་ཐུབ་པའི་འགན་ལེན་བྱ་ཆེད། དམར་དམག་ཁྲི་སྟོང་མང་པོས་ཤང་ཅང་གཙང་པོའི་ངོགས་གཉིས་སུ་དགྲ་བོ་དང་དམར་འཛིང་བྱས་པའི་གཡུལ་འགྱེད་འདི། ཀྲུང་གོའི་གསར་བརྗེ་འཆི་གསོན་ཆགས་འཇིག་གི་ལོ་རྒྱུས་ཐོག་གི་དོན་ཆེན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཞི་ཅིན་ཕིང་གིས་ང་རང་ཀོང་ཤིས་སུ་རྟོག་ཞིབ་ལ་ཡོང་དུས་དང་ཐོག་འདི་གར་ཡོང་དོན་ནི་ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་མཚམས་འདིར། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུ་བ་དང་། གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་ཁྲག་རྒྱུན་མུ་མཐུད་རྒྱུན་འཁྱོངས་བྱེད་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། གསར་བརྗེའི་སྙིང་སྟོབས་ལ་ཞུན་བརྡར་སྤྲོས་པ་བཅས་ཀྱི་ཆེད་དུ་ཡིན་ཞེས་གསུངས་པ་རེད།
    དེ་རྗེས་ཞི་ཅིན་ཕིང་ཚའེ་དབན་གྲོང་རྡལ་མའོ་གྲུའུ་རི་གྲོང་དུ་ཕེབས་ཤིང་། ཉེ་བའི་ལོ་ཤས་རིང་གྲོང་ཚོ་དེས་རྒུན་འབྲུམ་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཧུར་ཐག་བཏང་བས། ཞིང་པར་འབབ་འཕར་ཡོང་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད། ཁོང་གིས་ནན་བཤད་གནང་དོན། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་པ་དང་། ཚན་རྩལ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་དང་སོས་དལ་ཞིང་ལས་སོགས་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་འཕེལ་རྒྱས་གཏོང་བ། ཐོན་སྐྱེད་དང་། ལས་སྣོན། ཕྱིར་ཚོང་གསུམ་སྦྲེལ་མཐུད་དང་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་བྱེད་པ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཞིང་པར་ཐོན་ལས་ཀྱི་གནས་ཐང་འཕར་མའི་ཕན་པ་དེ་བས་མང་བ་ཐོབ་པ་བྱེད་དགོས།
   ཞི་ཅིན་ཕིང་གིས་ཞབས་ཐང་མར་གྲོང་ཚོའི་བཀོད་པ་དང་རྣམ་པར་གཟིགས་པ་མ་ཟད། གྲོང་མི་ཝང་ཏེ་ལི་ཡི་ཁྱིམ་དུ་ཕེབས་ནས་ཁོང་ཚོའི་ནང་མི་དང་ལྷན་དུ་བཞུགས་ཏེ་ཅི་འཕྲོས་མོལ་འཕྲོས་གནང་བ་རེད། གྲོང་ཚོ་ནས་ཞལ་གྱེས་སྐབས་ཡུལ་མི་སྤུན་ཟླ་ཚོས་སྐད་གསང་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པར། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་འཚམས་ལན་གནང་ཞིང་། ཁོང་གིས་བརྩེ་བ་ཟབ་མོས་གསུངས་དོན། མི་དམངས་འཚོ་བ་སྐྱིད་པོ་ཡོང་བ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གཏིང་ཚད་དང་། ཁྱབ་ཚད། དཀའ་ཚད་བཅས་ཚང་མ་དབུལ་སྒྲོལ་འགག་སྒྲོལ་ལས་ཆུང་བ་མེད་པས་ལྷོད་གཡེང་གཏོང་བ་དང་ངལ་གསོ་ཙམ་བྱེད་པའི་བསམ་ཚུལ་གཏན་ནས་ཡོད་མི་རུང་། འགོ་འཛུགས་ས་གསར་པའི་ཐོག་མུ་མཐུད་འབད་འཐབ་བྱས་ཏེ། མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བའི་ཐད་སྔར་ལས་མངོན་གསལ་དོད་པའི་འཕེལ་རིམ་དངོས་ཐོན་པར་བྱེད་དགོས།
    དེ་ཉིན་ཕྱི་དྲོ་ཞི་ཅིན་ཕིང་ལིའུ་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཀོང་ཤིས་ལིའུ་ཀྲོའུ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིར་ཞི་ཅིན་ཕིང་གིས་ཀུང་སིའི་འགྲེམས་ཁང་དང་། ཞིབ་སྤེལ་ཚོད་ལྟ་ལྟེ་གནས། བརྐོ་འདྲུའི་འཕྲུལ་འཁོར་གྱི་ལྷུ་ལག་སྒྲིག་སྦྱོར་བཟོ་གྲྭ་སོགས་ལ་སྔ་རྗེས་སུ་ཕེབས་ཏེ། ཁེ་ལས་འཕེལ་རྒྱས་གཏོང་ཚུལ་གྱི་ངོ་སྤྲོད་ཞུས་པར་གསན་པ་དང་། ཐོན་རྫས་གཙོ་བོའི་འགྲེམས་སྟོན་ལ་གཟིགས་པ། ཁེ་ལས་ཀྱི་ལས་བཟོ་དང་ལག་རྩལ་ཞིབ་སྤེལ་མི་སྣ་དང་བྱམས་བརྩེའི་གླེང་མོལ་གནང་བ་རེད། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་རྒྱུ་ནི་རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་གལ་ཆེན་ནང་གི་འགངས་ཆེན་རེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་བར། བཟོ་སྐྲུན་ལས་རིགས་དང་ཁ་འབྲལ་ཐབས་མེད་པས་ཐོན་ལས་ལེགས་གཏོང་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་འབད་བརྩོན་བྱེད་དགོས། གསར་གཏོད་བྱས་ཚེ། གཞི་ནས་རང་ངོས་སྟོབས་ཆེར་གཏོང་ཐུབ་པ་དང་གཞི་ནས་སྔོན་གཏོད་བྱེད་ཐུབ། དེར་བརྟེན་བློ་བརྟན་འགྱུར་མེད་ངང་རང་རྟེན་གསར་གཏོད་ཀྱི་ལམ་བུའི་ཐོག་བསྐྱོད་དེ་གསར་གཏོད་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་རང་ཉིད་ནས་སྟངས་འཛིན་ནན་པོ་ཐུབ་པ་བྱེད་དགོས། ཏང་གིས་གཞུང་ཁོངས་ཁེ་ལས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ཀུང་སི་བཅོས་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ་ཕན་ཚུན་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁེ་ལས་སྒྱུར་བཅོས་གཏིང་ཟབ་བྱེད་ཞོར་དུ་ཏང་འཛུགས་སྐྱོང་ཡག་པོ་བྱས་ནས་ཁེ་ལས་སྒྱུར་བཅོས་འཕེལ་རྒྱས་ཁྲོད་ཀྱི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
    ཀོང་ཤིས་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཁྲོད་མི་འབོར་མང་ཤོས་ཀྱི་རང་སྐྱོང་ལྗོངས་རེད། ཚེས་27ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ནན་ཉིང་གྲོང་ཁྱེར་གཡུང་ཅང་གཙང་པོའི་ངོགས་སུ་ཡོད་པའི་ཀོང་ཤིས་མི་རིགས་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས་ཀྲོང་རིགས་ཀྱི་རིག་གནས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། རྟེན་རྫས་བཤམས་མཛོད་ཁང་གི་ཕྱི་རོལ་དུ་གསུམ་པའི་ཚེས་གསུམ་གྱི“གླུ་གར་འདུ་ཚོགས”ཀྱི་ཀྲོང་རིགས་གླུ་ཤགས་རྒྱག་པ་སོགས་མི་རིགས་རིག་གནས་བྱེད་སྒོ་དེ་གར་གཅིག་སྡུད་ཐོག་སྤེལ་བཞིན་ཡོད། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀོང་ཤིས་ནི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་ཡིན་པས་མུ་མཐུད་དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་བླ་སྲོག་གནས་ས་དང་། སྟོབས་ཤུགས་གནས་ས། རེ་བ་གནས་ས་བཅས་ཡིན་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མི་རིགས་གཅིག་ཀྱང་མི་ལུས་པ་བྱེད་པ་དང་། མི་རིགས་ཁག་གི་མི་དམངས་བསམ་སྤྱོད་གཅིག་མཐུན་དང་མཐུན་སྒྲིལ་འབད་འབུངས་ཡོང་བ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པ། མི་རིགས་བསྐྱར་དར་གྱི་རླབས་ཆེན་གཟི་བརྗིད་མཉམ་དུ་ལོངས་སྤྱོད་བྱེད་དགོས།
   དེ་ཉིན་སྔ་དྲོར། ཞི་ཅིན་ཕིང་གིས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་རྗེས་ཀོང་ཤིས་ཀྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། ཀོང་ཤིས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཀོང་ཤིས་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་བརྩམས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་རྒྱུའི་ཐུགས་རེ་ཡང་གནང་བ་རེད།
   ཞི་ཅིན་ཕིང་གིས་བསྟན་གནང་དོན། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་རྒྱུ་དེས་ས་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བཏོན་པའི་རྩ་དོན་གྱི་བླང་བྱར་ངོས་འཛིན་གཏིང་ཟབ་བྱེད་དགོས་ལ། ས་ཁུལ་དེ་གའི་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པའི་ཁྲོད་ཀྱི་བསྡུར་གཞི་ཡོད་པའི་ལེགས་ཆ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ས་ཁུལ་དེ་གའི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དགོས། སྲོལ་རྒྱུན་ཐོན་ལས་རྩེར་སོན་ཅན་དང་། རིག་ནུས་ཅན། གནོད་མེད་ཅན་བཅས་ལ་སྐུལ་འདེད་གཏོང་བ་དང་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ལེགས་གཏོང་རིམ་སྤོར་ལ་སྐུལ་འདེད་བཏང་ནས་གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་ལ་སྒྱུར་མགྱོགས་སུ་གཏོང་དགོས། སྒྱུར་བཅོས་མུ་མཐུད་ནས་ཟབ་གཏོང་དང“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱས་ཏེ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་དགོས། གསར་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གསར་གཏོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ། གསར་གཏོད་ཀྱི་གཞི་རྐྱེན་སྣ་ཚོགས་ཁེ་ལས་ཕྱོགས་སུ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་བ། གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་བཅས་བྱས་ནས་ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་དགོས། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་དང་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་ཁུག་ཆེན་ཁུལ་འཛུགས་སྐྲུན་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་རང་འགུལ་ངང་སྦྲེལ་མཐུད་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཞུགས་པ། ཆུ་ཚད་མཐོ་པོས་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་མཉམ་སྐྲུན་བྱེད་པ། མཚོ་རྟེན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གྱི་སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་གཏོང་བ། རང་མོས་ཚོང་དོན་ཚོད་ལྟ་ཁུལ་ཡག་པོ་གཉེར་བ་བཅས་བྱས་ཏེ་ཁྱད་འཕགས་ཀྱི་གནས་སྟངས་ལེགས་ཆ་དེ་སྒོ་དབྱེ་འཕེལ་རྒྱས་ཀྱི་ལེགས་ཆར་དེ་བས་ཡག་པོ་སྒྱུར་བ་བྱེད་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་བཏང་སྟེ། གྲོང་གསེབ་དར་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དབུལ་སྒྲོལ་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་བྱེད་པ། ཡུལ་གཞན་དུ་གནས་སྤོས་བྱས་པར་རྗེས་མཐུད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཀོང་ཤིས་ཀྱི་ནགས་ཚལ་དང་། ཤིང་འབྲས། སྔོ་ཚལ། ཕྱུགས་ལས། མངར་ཆ་སོགས་ཀྱི་ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་ཏེ་ཁྱད་ལྡན་ཞིང་ལས་ཐོན་ལས་ཀྱི་ཚོང་འདུས་ཁག་གཅིག་གཏོད་དགོས། འབྲུ་རིགས་བདེ་འཇགས་ཐད་ཏང་སྲིད་ཀྱིས་འགན་འཁྲི་མཉམ་དུ་འཁུར་བའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱས་ནས་འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་བརྟན་པོའི་ངང་ཆེ་རུ་གཏོང་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མུ་མཐུད་ཡག་པོ་རྒྱག་པ་དང་། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བཀོད་ཇུས་སྤྱི་ཡོངས་ཀྱི་ནང་འཇུག་པ། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་གནོད་མེད་ཅན་དུ་ཕྱོགས་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས།
   ཞི་ཅིན་ཕིང་གིས་བསྟན་གནང་དོན། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་དང་ལས་ཞུགས་ཧུར་ཐག་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་དང་། དམག་ཞབས་ཐིམ་པའི་དམག་མི། ཞིང་པ་ལས་མི། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་མི་སྣ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་དགོས། ཐབས་ལམ་མང་ཞིང་སྟབས་བསྟུན་ལས་ཞུགས་ཀྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ལྗིད་ཐེག་རླངས་འཁོར་གྱི་ཁ་ལོ་བ་དང་། མྱུར་སྐྱེལ་བ། མངགས་སྐྱེལ་བ་སོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱེད་དགོས། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ་དྲ་ཐོག་དང་། དྲ་ཕྱི། སློབ་ཕྱི་བཅས་ཀྱི་གསོ་སྦྱོང་སྒྲིག་གཞིའི་ཚད་ལྡན་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ནད་གཞི་སྔོན་འགོག་དང་ཚོད་འཛིན་མ་ལག་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ་དང་། གཞི་རིམ་གྱི་སྤྱི་པའི་འཕྲོད་བསྟེན་མ་ལག་ལ་ཤུགས་སྣོན་རྒྱག་པ། སྨན་བཅོས་དང་སྔོན་འགོག་མཉམ་ལས་ལམ་སྲོལ་གསར་གཏོད་བྱེད་པ། གཞི་རིམ་གྱི་སྔོན་འགོག་དང་། སྨན་བཅོས། ནད་སྐྱོང་། བདེ་ཐང་སླར་གསོའི་ཞབས་ཞུ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་དགོས། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་འགོག་ཟོན་ནན་པོ་བྱས་ཏེ། ཚབས་ཆེའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་གཏན་འགོག་ནུས་ལྡན་བྱེད་པ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་བྱེད་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་ཡག་པོ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་མོས་སེམས་ཆེ་རུ་བཏང་ནས་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་གཏོང་དགོས།
    ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀོང་ཤིས་ཀྱི་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་སྐབས་གསར་བརྗེའི་ཐོན་ཁུངས་དེ་དག་ཡག་པོ་སྤྱད་ནས་ལོ་རྒྱུས་སྦྱངས་ཏེ་དད་སེམས་འཕེལ་ཐུབ་པ་བྱེད་དགོས། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ་བྱེད་པར་དད་མོས་དང་། དད་སེམས། ཡིད་ཆེས་བཅས་ཆེ་རུ་གཏོང་དགོས། དེ་ནི་ང་ཚོས་སྟོབས་ཆེའི་དགྲ་བོ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་། དཀའ་ངལ་མཐའ་དག་ཁྱད་བསད་བྱེད་པ། རྒྱལ་ཁ་མཐའ་དག་ལེན་པ་བཅས་ཀྱི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་རེད། མར་ཁེ་སི་རིང་ལུགས་དང་གུང་ཁྲན་རིང་ལུགས་ལ་དད་མོས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་ནས་དད་མོས་ཀྱི་སྟོབས་ཤུགས་ཉམས་སུ་མྱངས་ཏེ། ཐོག་མཐའ་བར་གསུམ་དུ་བློ་རྩ་བརྟན་པོ་རྒྱུན་འཁྱོངས་དང་དཔའ་ངར་ཆེན་པོས་དཀའ་ངལ་ཆེན་པོ་དང་འགྲན་སློང་དྲག་པོ་སྣ་ཚོགས་ལས་རྣམ་པར་རྒྱལ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་དད་སེམས་འཆང་ཤུགས་ཆེ་རུ་གཏོང་དགོས་ཤིང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ལོ་རྒྱུས་འཕེལ་རྒྱས་ཀྱི་ལྡོག་མེད་འབྲས་བུ་དང་། ཀྲུང་གོ་འཕེལ་རྒྱས་གཏོང་བར་བརྒྱུད་དགོས་ངེས་ཀྱི་ལམ་བུ། ལག་ལེན་དངོས་ནང་ཞིབ་དཔྱད་ཐུབ་པའི་ཚན་རིག་དང་མཐུན་པའི་བདེན་དོན་བཅས་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ནས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཐོག་མཐའ་བར་གསུམ་དུ་སྲ་བརྟན་དུ་གཏོང་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་ཡིད་ཆེས་ཆེ་རུ་གཏོང་དགོས་ཤིང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ང་ཚོའི་མི་རབས་འདིར་གཏོགས་པ་དང་དུས་རབས་གསར་པར་ངོ་གནོང་མི་དགོས་པའི་ལོ་རྒྱུས་ཀྱི་བྱས་རྗེས་ཧུར་ཐག་འཇོག་ཐུབ་པར་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། དད་མོས་དང་། དད་སེམས། ཡིད་ཆེས་བཅས་ནི་རུལ་འགོག་སྨན་རྫས་ཡག་ཤོས་རེད། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཐོག་མཐའ་བར་གསུམ་དུ་དམ་འཛིན་ཡག་པོ་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བར་ལམ་ལུགས་རང་བཞིན་གྱི་གྲུབ་འབྲས་དེ་བས་མང་པོ་དང་བཅོས་སྐྱོང་གི་ཕན་འབྲས་དེ་བས་ཆེན་པོ་ཐོན་པ་བྱེད་དགོས།

འདི་ནི་ཚེས་26ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་ཀོང་ཤིས་ལིའུ་ཀྲོའུ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིར་ཐོན་རྫས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བཞིན་པ།
འདི་ནི་ཚེས་26ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་ཀོང་ཤིས་ལིའུ་ཀྲོའུ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིར་ཐོན་རྫས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བཞིན་པ།

  
style="display:none;"