མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པ་ཧོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་09ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པ་ཧོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
   ཞི་ཅིན་ཕིང་གིས། པ་ཧོས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞིའི་ལས་འགན་བསྟུད་འཛིན་གནང་བར་རྟེན་འབྲེལ་ཞུས་པ་དང་། ཁོང་གིས་ཀྲུའུ་ཞི་པ་ཧོའི་འགོ་ཁྲིད་འོག་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་ཕྱོགས་ཁག་གི་སྟོབས་ཤུགས་དང་མཐུན་སྒྲིལ་གྱིས་ཨོ་ལིམ་ཕིག་གི་ལུས་རྩལ་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་ལས་དོན་འབོར་ཆེན་བསྒྲུབས་ཏེ་གོ་ལ་ཧྲིལ་པོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་འགོག་རྒོལ་བྱེད་པར་དྲང་ནུས་མཁོ་འདོན་བྱས་ཡོད། རིམས་ནད་ཀྱིས་ཨོ་རྩལ་འགྲན་ཚོགས་སོགས་ལུས་རྩལ་གྱི་འདུ་ཚོགས་གཟབ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཕོག་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་ལ་མུ་མཐུད་གཞོགས་འདེགས་བྱས་ནས་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་དང་མཉམ་དུ་རིམས་འགོག་སྨན་ཁབ་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ལུས་རྩལ་པ་བདེ་འཇགས་ངང་འགྲན་བསྡུར་ནང་ཞུགས་པའི་སྲུང་ཡོལ་ནུས་ལྡན་གཏོད་པ་དང་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་དུས་བཀག་བཞིན་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་དམིགས་ཚད་ལ་གཞིགས་ནས་གྲ་སྒྲིག་ལས་དོན་ཁག་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད།
   མིག་སྔར་འགྲན་ར་ཚང་མ་བསྐྲུན་ཟིན་པ་དང་། འགྲན་དོན་སྒྲིག་འཛུགས་དང་འགྲན་ར་འཁོར་སྐྱོད་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ། འགྲན་བསྡུར་གྱི་ཞབས་ཞུ་འགན་སྲུང་གི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། དྲིལ་བསྒྲགས་ཁྱབ་གདལ་དང་རིག་གནས་བྱེད་སྒོར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་གངས་འཁྱག་རྣམ་གྲངས་ཀྱི་ཚོད་ལྟའི་བྱེད་སྒོ་སྤེལ་ནས། འགྲན་བསྡུར་གཉེར་བ་དང་འབྲེལ་བ་ཡོད་པའི་གནད་ཆེའི་རྒྱུ་རྐྱེན་ལ་ཞིབ་དཔྱད་ནན་པོ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལོ་སྨད་ཀྱི་ཚོད་ལྟའི་འགྲན་བསྡུར་སྒྲིག་འཛུགས་ཡག་པོ་བྱས་ཏེ། པེ་ཅིང་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཡག་པོ་གཉེར་རྒྱུར་རྨང་གཞི་དེ་བས་བརྟན་པོ་འདིང་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མིག་སྟོན་མོ་གཟབ་རྒྱས་ཤིག་ཡིན་ལ། གོ་ལ་ཧྲིལ་པོའི་ལུས་རྩལ་པ་འདྲ་མཉམ་རྩལ་འགྲན་གྱི་གར་སྟེགས་ཤིག་ཀྱང་ཡིན། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་སོགས་གཉེར་རྒྱུར་རྒྱབ་སྐྱོར་དང་མཛུབ་ཁྲིད་ཧུར་ཐག་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་དུས་བཀག་བཞིན་གཉེར་རྒྱུར་ཀྲུང་གོ་ཕྱོགས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་སྟབས་བདེ་ལ་བདེ་འཇགས་ལྡན་པ་དང་ངོ་མཚར་ཆེ་བའི་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་ཏུ་འགྱུར་བའི་འགན་ལེན་བྱེད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
    པ་ཧོ་ཡིས། ཀྲུང་གོའི་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུ་རྒྱུ་དང་ལྷག་དོན་དུ་ཀྲུང་གོས་གོ་ལ་ཧྲིལ་པོའི་སྔོན་དུ་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་པ་དང་དཔལ་འབྱོར་སྔོན་ལ་སླར་གསོ་ཐུབ་ནས། གོ་ལ་ཧྲིལ་པོའི་རིམས་འགོག་མཉམ་ལས་དང་དཔལ་འབྱོར་སླར་གསོར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་བཏོན་ཡོད། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་བཟང་པོ་བྱེད་པར་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་འགོག་སྨན་ཁབ་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། དེང་སྐབས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་གལ་ཆེའི་དུས་མཚམས་སུ་སླེབས་ཡོད། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས《ཨོ་ལིམ་ཕིག་རྩ་འཛིན》བརྟན་སྲུང་བྱས་ཏེ། ཨོ་ལིམ་ཕིག་ལུས་རྩལ་ཆབ་སྲིད་ཅན་ལ་འགྱུར་རྒྱུར་ངོ་རྒོལ་བྱས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་མུ་མཐུད་མཉམ་ལས་གཏིང་ཟབ་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་དུས་བཀག་བཞིན་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་འདོད་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱིས་འཛམ་གླིང་ལ་རིམས་ནད་འགོག་རྒོལ་གྱི་མིག་དཔེའི་སྟོབས་ཤུགས་མངོན་ཏེ་འཛམ་གླིང་གངས་འཁྱག་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཨོ་ལིམ་ཕིག་ལུས་སྦྱོང་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་འབུལ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

  
style="display:none;"