མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁོང་ཀོ(ཅིན)ཡི་ཙུང་ཐུང་ཆི་སའེ་ཁེ་ཏི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་09ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་ཀོ(ཅིན)ཡི་ཙུང་ཐུང་ཆི་སའེ་ཁེ་ཏི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས། ཁོང་ཀོ(ཅིན)ནི་ཨ་ཧྥེ་རི་ཁར་ཡོད་པའི་ཀྲུང་གོའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན་པས་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་ཡིད་ཆེས་བྱེད་པ་ནི་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་བཟང་པོ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་མིག་རྒྱང་ཐོག་ནས་ཀྲུང་གོ་དང་ཁོང་ཀོའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་བཏང་སྟེ་ཁོང་ཀོ་ཕྱོགས་ཀྱིས་རྒྱལ་ཁབ་རང་བཙན་དང་། བདག་དབང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ་ཁོང་ཀོ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཀྱི་འགྲོ་འོང་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་འདོད་ཀྱང་ཡོད། ཁོང་ཀོ་ཕྱོགས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་ནང་ཞུགས་ནས་ཀྲུང་ཁོང་མཉམ་ལས་ལ་ལས་སྟེགས་གསར་པ་དང་མདུན་ལམ་གསར་པ་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་ཕྱོགས་དང་མཉམ་དུ་གོམ་སྟབས་རྗེས་མའི་མཉམ་ལས་འཆར་འགོད་བྱས་ཏེ་དཔལ་འབྱོར་ཚོང་དོན་དང་། རྨང་གཞིའི་སྒྲིག་བཀོད། སྨན་བཅོས་འཕྲོད་བསྟེན། ཞིང་ལས། རིག་གནས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ཁོང་ཀོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་མཛའ་གྲོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་མཐུད་ངང་ཟབ་ཏུ་དང་། ཚོང་དོན་མ་འཇོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ། རྒྱལ་སྤྱིའི་དོན་དག་གི་རོགས་ལས་དེ་བས་ཟབ་ཏུ་བཅས་ཕྱིན་ཡོད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཀྲུང་གོ་ཕྱོགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་འཐབ་ཇུས་གདམ་ག་ཞིག་རེད། ཁོང་ཀོ(ཅིན)ཡིས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་འགན་འཁྲི་བསྒྲུབ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་ཁོང་ཀོ་ཕྱོགས་དང་མཉམ་དུ་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་སྐབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཚོགས་འདུ་ཡག་པོ་ཚོགས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁས་རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན་དང་། སྤྱི་པའི་འཕྲོད་བསྟེན། ཞི་བདེ་བདེ་འཇགས། གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་རྣམ་པ་གསར་པ་ཐུན་མོང་ཐོག་གཏོད་འདོད་ཡོད། ཨ་ཧྥེ་རི་ཁས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་མཉམ་ཤུགས་ཤིག་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
    ཆི་སའེ་ཁེ་ཏི་ཡིས། ངས་ཁོང་ཀོ(ཅིན)དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཚབ་ཞུས་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན། ཁོང་ཀྲུང་མཛའ་གྲོགས་ཟབ་མོ་ཡོད། ཁོང་ཀོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་མཐའ་འཁྱོངས་བྱེད་པ་དང་ཁོང་ཀྲུང་མཛའ་གྲོགས་ལ་བློ་བརྟན་འགྱུར་མེད་ངང་གཞོལ་ནས་ཨ་ཧྥེ་རི་ཁར་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཁོང་ཀོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འགྲོ་འོང་དམ་ཟབ་བྱས་ཏེ་དཔལ་འབྱོར་ཚོང་དོན་དང་། ཐོན་ཁུངས། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་དངོས་ཟོག་དང་རིམས་འགོག་སྨན་ཁབ་སོགས་ཀྱི་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་ནད་ལ་འགོག་རྒོལ་དང་། དཔལ་འབྱོར་སླར་གསོ། ཁོར་ཡུག་སྲུང་སྐྱོང་། རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་དང་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་གླེང་སྟེགས་ལ་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"