མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སི་ར་ལ་ཨོང་གི་ཙུང་ཐུང་པི་ཨའོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་09ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ར་ལ་ཨོང་གི་ཙུང་ཐུང་པི་ཨའོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
   ཞི་ཅིན་ཕིང་གིས། འདི་ལོ་ནི་ཀྲུང་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་ལོ་ཞིག་རེད། དུས་རབས་ཕྱེད་ཀ་ཙམ་རིང་རྒྱལ་སྤྱིར་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཀྲུང་སི་ཕྱོགས་གཉིས་ཀྱིས་རང་རང་སོ་སོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཨེ་པོ་ལ་ནད་དུག་དང་ཏོག་གསར་གློ་ཚད་སོགས་རིམས་ནད་ཚབས་ཆེན་གྱི་ཛ་དྲག་ཆེ་བའི་དུས་སུ་བློ་བརྟན་འགྱུར་མེད་ངང་མཉམ་དུ་ལངས་ཡོད། ཕྱོགས་གཉིས་པོས་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པས་སྤུན་ཟླ་ཡག་པོ་དང་གྲོགས་པོ་ཡག་པོ་ཞིག་རེད། སི་ར་ལ་ཨོང་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་དང་། རིགས་གཅིག་མཁས་ཅན་ཚོགས་ཆུང་། རིམས་འགོག་དངོས་ཟོག རིམས་འགོག་སྨན་ཁབ་བཅས་ཀྱིས་སི་ར་ལ་ཨོང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ར་ལ་ཨོང་ཕྱོགས་དང་མཉམ་དུ་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་སི་ར་ལ་ཨོང་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས། 2021ལོ་ནི་ཀྲུང་སི་རྒྱལ་ཁབ་གཉིས་དང་ཏང་གཉིས་དང་དེ་བཞིན་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གལ་ཆེའི་ལོ་ཞིག་རེད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཡག་པོ་སྤེལ་ནས། སྲོལ་རྒྱུན་གྱི་མཛའ་གྲོགས་དར་རྒྱས་གོང་འཕེལ་དང་གཉིས་ཕན་མཉམ་ལས་རྒྱ་སྐྱེད་བཏང་ནས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སི་ར་ལ་ཨོང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེད་ནུས་པས་ལྕོགས་ཚོད་ཀྱིས་རྒྱབ་སྐྱོར་དང་རོགས་རམ་མུ་མཐུད་བྱ་རྒྱུ་ཡིན། འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་མདུན་དུ་ཕྱོགས་གཉིས་པོས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་དང་། བློ་རྩ་བརྟན་པོས་ཕན་ཚུན་རྒྱབ་སྐྱོར། རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་ལ་ཐུན་མོང་ཐོག་སྲུང་སྐྱོང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སི་ར་ལ་ཨོང་ཕྱོགས་དང་མཉམ་དུ་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
    པི་ཨའོ་ཡིས། ངས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་སི་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོས་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས་དབུལ་པོ་ལས་སྒྲོལ་བ་དང་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་གྲུབ་འབྲས་གལ་ཆེན་མངོན་གསལ་དོད་པོ་ཐོབ་ནས་ཀྲུང་གོ་དེ་བས་སྟོབས་འབྱོར་མངའ་ཐང་རྒྱས་པ་མ་ཟད་འཛམ་གླིང་ཞི་བདེ་བདེ་འཇགས་དང་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ར་ལ་ཨོང་ཕྱོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དེ་བཞིན་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་དངོས་དངོས་རྗེན་རྗེན་གྱི་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ནི་སི་ར་ལ་ཨོང་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་དངོས་འབྲེལ་ཡིད་ཆེས་བྱེད་ཆོག་པའི་གྲོགས་པོ་ཡག་པོ་ཞིག་རེད། སི་ར་ལ་ཨོང་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། སི་ར་ལ་ཨོང་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་སི་ཀྲུང་གི་མཛའ་གྲོགས་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས་སློབ་གསོ་དང་། འཕྲོད་བསྟེན། འབྲུ་རིགས་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག་གི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"