མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གནམ་བདེ་
སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་02ཉིན། 15:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་7ཚེས་1ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པ།

ཟླ་7ཚེས་1ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པ། 

   ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ། ལི་ཁེ་ཆང་གིས་གཙོ་སྐྱོང་གནང་བ་དང་། ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན། ཧུའུ་ཅིན་ཐའོ་བཅས་ཚོགས་ཆེན་ལ་ཞུགས་པ།
ལོ་ངོ་བརྒྱའི་གོང་། ཀྲུང་གོ་གུང་ཁྲན་ཏང་གི་སྔོན་བྱོན་པ་ཚོས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ཏེ་བདེན་དོན་མཐའ་འཁྱོངས་དང་། ཕུགས་བསམ་བརྟན་སྲུང་། ཐོག་མའི་བསམ་འདུན་ལག་བསྟར། འགན་འཁྲི་འཁུར་བ། རང་སྲོག་བློས་གཏོང་ལ་མི་སྐྲག་པ། དཔའ་ངར་ཆེན་པོས་འཐབ་རྩོད་བཅས་བྱས་ནས། ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་བཏོད་ཡོད། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་ཀྱི་འབྱུང་ཁུངས་རེད། ལོ་ངོ་བརྒྱའི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དར་སྤེལ་བཏང་ནས་ཡུན་རིང་འབད་འཐབ་བྱེད་རིང་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་འབྱུང་ཁུངས་མ་ལག་བཏོད་པ་དང་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ཀུན་སྤྱོད་ལ་ཞུན་བརྡར་ཐུབ་པ་བྱས་ཡོད། ལོ་རྒྱུས་ནི་ཆུ་མོའི་རྒྱུན་བཞིན་རིང་བ་དང་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས། ང་ཚོས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མུ་མཐུད་དར་སྤེལ་གཏོང་བ་དང་གསར་བརྗེའི་ཁྲག་རྒྱུན་གྱི་རྒྱུན་མཐུད་དེ། ནམ་ཡང་རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ལོ་བརྒྱའི་རྒྱང་སྐྱོད་ལམ་བུ་ཟིལ་རླབས་དགུང་དུ་འཕྱུར། ལོ་བརྒྱའི་ཐོག་མའི་བསམ་འདུན་གཡོ་འགུལ་ཡེ་ནས་བྲལ། ཟླ་7ཚེས་1ཉིན་གྱི་སྔ་དྲོ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ལས་རིགས་ཁག་གི་འཐུས་མི་ཁྲི་7ལྷག་ཙམ་གྱིས་མཛད་སྒོ་གཟབ་རྒྱས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་དགའ་སྟོན་རྟེན་འབྲེལ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འདས་ཟིན་པའི་ལོ་བརྒྱའི་ནང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་གཟེངས་སུ་ཐོན་པའི་རྒྱུགས་ཤོག་ཅིག་ཕུལ་ཡོད། ད་ཆ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱུགས་འབུལ་ལམ་གསར་པ་ཞིག་ཏུ་སླར་ཡང་སྐྱོད་འགོ་ཚུགས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་དུས་གཏན་གྱི་བྱ་གཞག་ཆེན་པོར་བློ་ཐག་ཆོད་པོས་འབད་པ་ལྷུར་ལེན་བྱེད་བཞིན་ཡོད་ལ། ལོ་བརྒྱའི་དུས་འདི་གཟི་དཔལ་རྒྱས་སྒང་ཡིན། འདས་པའི་ལོ་ཟླར་ཕྱིར་མིག་ལྟ་བ་དང་མ་འོངས་པར་རྒྱང་ལྟ་བྱེད་སྐབས། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་ཁར། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་དམ་ཟབ་བྱས་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་དམིགས་ཚད་མངོན་འགྱུར་ཐུབ་ངེས་ཡིན་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཡང་མངོན་འགྱུར་ཐུབ་ངེས་ཡིན་ཞེས་ནན་བཤད་གནང་བ་རེད།
   ཞི་ཅིན་ཕིང་གིས་ཏང་དང་མི་དམངས་ཀྱི་ཚབ་ཞུས་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མུ་མཐུད་འབད་འཐབ་བྱས་པ་བརྒྱུད། རང་རེའི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་སྟེ། ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པ་དང་ལོ་རྒྱུས་རང་བཞིན་ལྡན་པའི་ངང་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་ཐུབ་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་བློ་སྟོབས་ཆེར་བསྐྱེད་ཀྱིས་སྐྱོད་བཞིན་ཡོད། འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གྱི་གཟི་བརྗིད་དང་། ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་གྱི་གཟི་བརྗིད། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་གྱི་གཟི་བརྗིད་བཅས་ཡིན་ཞེས་རྔམ་བརྗིད་ལྡན་པའི་ངང་ཁྱབ་བསྒྲགས་གནང་བ་རེད།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་གིས་རྟེན་འབྲེལ་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། དེ་བཞིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་བཅས་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་པ་རེད།
   ཀྲུང་ཧྭའི་ས་གཞི་ཆེ་མོ་རུ་དཔྱིད་ཀྱི་དཔལ་ཡོན་རྒྱས་ནས་རྣམ་པ་གསར། རྒྱལ་ས་པེ་ཅིང་དུ་མེ་ཏོག་རྣམ་པར་བཞད་ནས་དར་དམར་ལྷབ་ལྷུབ་ཏུ་གཡོ། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཉེ་རབས་ཚུན་དུ་དཀའ་སྡུག་མང་པོ་མྱངས་པའི་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་གྱུར་པའི་བར་གྱི་རླབས་ཆེན་གྱི་འཕོ་འགྱུར་བྱུང་ཞིང་། ཀྲུང་གོ་མི་དམངས་དུང་ཕྱུར་14ལྷག་ཙམ་སྤོབས་སེམས་ཆེར་བསྐྱེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་བརྗིད་ཆེའི་རྒྱང་སྐྱོད་ལམ་བུར་སྐྱོད་བཞིན་ཡོད།
   གནམ་བདེ་སྒོ་མོའི་ཡང་སྟེང་བརྗིད་ཉམས་ཆེ་ཞིང་། མཁར་གྱང་དམར་པོའི་དབུས་སུ་མའོ་ཙེ་ཏུང་གི་ཚོན་ཁྲ་ཅན་གྱི་སྐུ་པར་ཧ་ཅང་ཆེན་པོ་ཞིག་བཀལ་འདུག གནམ་བདེ་སྒོ་མོའི་ཐང་ཆེན་དུ་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་འགྱིང་ངེར་གནས་པ་དང་། དྲན་གསོའི་རྡོ་རིང་གི་བྱང་ངོས་སུ་མཐོ་ཚད་ལ་སྨི་7.1དང་ཞེང་ཚད་ལ་སྨི་7.1ཡོད་པའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་དང་1921དང་2021གི་ཡིག་རྟགས་མངོན་གསལ་དོད་ལ། ཐང་ཆེན་གྱི་ཤར་ནུབ་གཉིས་སུ་དར་དམར་100 རླུང་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།
    མཁའ་དབྱིངས་ནས་ལྟ་སྐབས། གནམ་བདེ་སྒོ་མོའི་ཐང་ཆེན་དུ“གྲུ་ཆེན་རྡོག་ཐོན”གྱི་བཟོ་དབྱིབས་དེ་བརྗིད་ཉམས་ལྷག་པར་ཆེ་ཞིང་། རླབས་གཤགས་མདུན་སྐྱོད་དང་དཔའ་ངར་ཆེར་བསྐྱེད་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་བཞིན་འདུག
   རྟེན་འབྲེལ་ཚོགས་ཆེན་འགོ་མ་ཚུགས་གོང་ཚོགས་ར་ཡོངས་ནས《གླུ་ཞིག་བླངས་ནས་ཏང་ལ་འབུལ》དང་། 《ང་ཚོ་ལམ་ཆེན་དུ་སྐྱོད་བཞིན་ཡོད》 《གནམ་ས་གསར་པ》 《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ལ་སོགས་པའི་སྙན་འཇེབས་ལྡན་པའི་གླུ་གཞས་རེ་རེ་སྐད་གསང་མཐོན་པོས་བླངས་ནས་ཏང་ལ་དགའ་ཞེན་དང་སྨོན་འདུན་བཟང་པོ་ཞུ་ལུགས་མཚོན་པར་བྱས་པ་རེད།
   སྔ་དྲོའི་ཆུ་ཚོད་7དང་སྐར་མ་53ལ་དགའ་སྤྲོ་འཁོལ་བའི་རོལ་དབྱངས་ཀྱི་འགྱུར་ཁུག་ཁྲོད་དུ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་གནམ་བདེ་སྒོ་མོའི་ཡང་སྟེང་གི་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་པས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།
   ཆུ་ཚོད་7དང་སྐར་མ་55ཡོལ་ཙམ་ལ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་འཐབ་གནམ་གྲུ་71གནམ་བདེ་སྒོ་མོའི་ཐང་ཆེན་དུ་འཕུར་ཡོང་སྟེ་ཏང་དང་། མེས་རྒྱལ། མི་དམངས་བཅས་ལ་གུས་འདུད་ཞུས། མཁའ་དབྱིངས་ཀྱི་དར་སྲུང་སྐས་རུ་འཕུར་སྐྱོད་བྱས་ནས་རྟེན་འབྲེལ་འཁྲབ་སྟོན་བྱེད་འགོ་ཚུགས་ཤིང་། ཐད་འཕུར་གནམ་གྲུ་ལྔའི་སྟེང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་དང་། “རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག” “རླབས་ཆེན་གྱི་ཀྲུང་གོའི་མི་དམངས་ཁྲི་ལོར་བརྟན་པར་ཤོག” “རླབས་ཆེན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲི་ལོར་བརྟན་པར་ཤོག” “རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེ་མོ་ཁྲི་ལོར་བརྟན་པར་ཤོག”ཅེས་བྲིས་པའི་སྦྱར་ཚིག་ཁག་སོ་སོར་བཀལ་བ་དེ་རླུང་ཕྱོགས་དང་བསྟུན་ནས་མདུན་ཕྱོགས་སུ་ལྷབ་ལྷུབ་གཡོ། དེ་རྗེས་ཐད་འཕུར་གནམ་གྲུ་དང་། དམག་འཐབ་གནམ་གྲུས་ཁག་སོ་སོར་ཨང་ཀི་100དང་། ཨང་ཀི་71གི་བཟོ་དབྱིབས་གྲུབ་པ་བྱས་ནས་མཁའ་དབྱིངས་སུ་འཕུར་བ་དང་། ཅན་20རྟགས་ཅན་གྱི་གནམ་གྲུ་15ལས་གྲུབ་པའི་སྐས་རུ་གསུམ་འཕུར་ལྡིང་བྱས་པ། རྩལ་སློབ་གནམ་གྲུས་ཚོན་ཁྲ་ཅན་གྱི་དུ་བ་10གློད་པ་བཅས་ངོ་མཚར་ཆེ་བའི་འཁྲབ་སྟོན་ལ་མི་རྣམས་ཀྱིས་དགའ་འབོད་ཡང་ཡང་བྱས།
    གནམ་བདེ་སྒོ་མོའི་ཐང་ཆེན་གྱི་གློག་རྡུལ་བརྙན་ཤེལ་ཆེན་པོ་ནས་ཆུ་ཚོད་ཀྱི་གཟུགས་བརྙན་མངོན་ཞིང་། 1921 1931 1941……2021བཅས་ཆུ་ཚོད་འགུལ་བ་དང་ཆབས་ཅིག་ལོ་གྲངས་ཀྱི་གྲངས་ཀ་རིམ་པ་བཞིན་མངོན། ཆུ་ཚོད་8པ་ཏག་ཏག་ལ་གྲུ་གཟིངས་ཆེན་པོ་རྡོག་ཐོན་བྱེད་པ་མཚོན་པའི་དུང་བརྡ་གྲགས་པ་དང་ཆབས་ཅིག་རྟེན་འབྲེལ་ཚོགས་ཆེན་འགོ་ཚུགས་པ་རེད།
   ཚང་མས་གུས་སྟབས་ཀྱིས་ལངས་པ་དང་། རྟེན་འབྲེལ་མེ་སྒྱོགས་ཐེངས་100བརྒྱབ་པའི་སྒྲ་བར་སྣང་དབྱིངས་སུ་གྲགས། རྒྱལ་དར་སྲུང་སྐྱོབ་རུ་ཁག་གི་དཔོན་དམག་གིས་སྐར་ལྔའི་དར་དམར་སྲུང་བཞིན་ཤུགས་དང་ལྡན་པའི་གོམ་སྟབས་སྤོ་བཞིན་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་གི་མདུན་ནས་ཐང་ཆེན་བྱང་ངོས་ཀྱི་དར་སྒྲེང་ཁུལ་དུ་བསྐྱོད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཉམ་འབྲེལ་དམག་མིའི་རོལ་ཆ་རུ་ཁག་གིས་རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་དབྱངས》དཀྲོལ་བ་དང་། ཚོགས་ར་ཡོངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བཏང་བ། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་པོར་བསྒྲེངས་པ་དང་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་མཁའ་དབྱིངས་སུ་ལྷབ་ལྷབ་ཏུ་གཡོ་བཞིན་མཆིས།
   དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་མཉམ་འབྲེལ་ཤིས་ཚིག་བསྒྲོན་པ་དང་། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཨོ་ཤང་གིས་ཤིས་ཚིག་སྒྲོག་སྦྱངས་གནང་ནས། ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་སྟེ། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ལ་ཆེས་བླ་ན་མེད་པའི་གུས་འདུད་དང་ཆེས་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་ཞུས་པ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱལ་ཁ་གསར་པ་ལེན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད། ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
   གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་དང་ལོ་ཆུང་གདོང་ལེན་རུ་མིའི་འཐུས་མིས་མཉམ་སྡེབ་ཤིས་ཚིག་ཕུལ་ནས་ཏང་ལ་ལང་ཚོའི་གུས་འདུད་ཞུས་པ་དང་། “ཏང་ཐུགས་བློ་བདེ་པོ་གནང་རོགས། རྒྱལ་ཁབ་སྟོབས་ཆེར་གཏོང་མཁན་ང་ཚོ་ཡོད”ཅེས་པའི་ཞུམ་མེད་ཀྱི་དམ་བཅའ་མཚོན་པར་བྱས།
   སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དེ་རིང་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་ཧ་ཅང་གལ་ཆེ་ལ་རྔམ་བརྗིད་ལྡན་པའི་ཉིན་མོ་ཞིག་རེད། ང་ཚོ་འདི་གར་འདུ་འཛོམས་གཟབ་རྒྱས་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་རྒྱུ་དང་སྦྲགས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་ལ་རྒྱང་ལྟ་བྱེད་རྒྱུ་ཡིན་ཞེས་གསུངས་ཤིང་། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཀྲུང་གོ་གུང་ཁྲན་ཏང་ཡོན་ཡོངས་ལ་དུས་ཆེན་གྱི་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
   ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་གོར་གུང་ཁྲན་ཏང་དབུ་བརྙེས་པ་ནི་གནམ་ས་འབྱེད་པའི་དུས་འགྱུར་ཆེན་པོ་ཞིག་རེད། དེས་ཉེ་རབས་རྗེས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཕེལ་རིམ་ལ་འགྱུར་ལྡོག་གཏིང་ཟབ་བཏང་བ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འགྱུར་ལྡོག་གཏིང་ཟབ་བཏང་བ། འཛམ་གླིང་གི་འཕེལ་ཕྱོགས་དང་རྣམ་པར་འགྱུར་ལྡོག་གཏིང་ཟབ་བཏང་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་དོན་གཉེར་བྱེད་པ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་གཏན་འཁེལ་བྱས་ཡོད། ལོ་ངོ་བརྒྱ་ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་སྤེལ་བའི་འཐབ་རྩོད་མཐའ་དག་དང་། བློས་གཏོང་མཐའ་དག གསར་གཏོད་མཐའ་དག་བཅས་མདོར་བསྡུས་ན་བརྗོད་དོན་གཙོ་བོ་གཅིག་ཡིན་པ་སྟེ། དེ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་རྒྱུ་དེ་རེད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཕྱིར་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཁྲག་བཏོན་དམར་འཛིང་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པར་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་རླབས་ཆེན་གྱི་གྲུབ་འབྲས་བཏོད་པ་དང་། རང་སྟོབས་རང་སྤེལ་དང་འབད་འཐབ་ཆེར་བསྐྱེད་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་རླབས་ཆེན་གྱི་གྲུབ་འབྲས་བཏོད་པ། བསམ་བློ་བཅིངས་འགྲོལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ནས། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རླབས་ཆེན་གྱི་གྲུབ་འབྲས་བཏོད་པ། གདེང་ཚོད་ཆེར་བསྐྱེད་དང་དྲང་སྲུང་གསར་གཏོད་བྱས་ནས་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་བཏོད་པ་རེད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དཔའ་མཛངས་རྟུལ་ཕོད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ལ་དཔལ་དང་གཟི་བརྗིད་ལྡན་པའི་ངང་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་། ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་ཕྱིན་པའི་བར་གྱི་རླབས་ཆེན་གྱི་མཆོང་སྐྱོད་བྱུང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་པ་ཁྱབ་བསྒྲགས་གནང་བ་རེད།
   ཞི་ཅིན་ཕིང་གིས་བསྟན་གནང་དོན། ལོ་ངོ་བརྒྱའི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ“རང་སྲོག་དོར་བའི་བློ་སྟོབས་རབ་ཏུ་སྐྱེད། གནམ་ས་གསར་པ་གཏོད་པའི་སྙིང་སྟོབས་འཕེལ”བའི་དཔའ་ཉམས་ཆེན་པོས་ལོ་ངོ་སྟོང་ཕྲག་རིང་གི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་གི་བརྗིད་ཆེའི་ལོ་རྒྱུས་སྙན་ངག་བརྩམས་ཡོད། ལོ་ངོ་བརྒྱའི་རིང་བཏོད་པའི་རླབས་ཆེན་གྱི་འགྲོ་ལམ་དང་། གསར་གཏོད་ཀྱི་རླབས་ཆེན་བྱ་གཞག ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་བཅས་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་དང་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་དུ་འཁོད་ངེས་རེད།
   ཞི་ཅིན་ཕིང་གིས་གསུངས་དོན། ལོ་ངོ་བརྒྱའི་རིང་ང་ཚོར་ཐོབ་པའི་གྲུབ་འབྲས་མཐའ་དག་ནི་ཀྲུང་གོ་གུང་ཁྲན་ཏང་མི་དང་། ཀྲུང་གོ་མི་དམངས། ཀྲུང་ཧྭ་མི་རིགས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཞིག་རེད། བློ་མཐུན་མའོ་ཙེ་ཏུང་དང་། བློ་མཐུན་ཏེང་ཞའོ་ཕིང་། བློ་མཐུན་ཅང་ཙེ་མིན། བློ་མཐུན་ཧུའུ་ཅིན་ཐའོ་བཅས་ཀྱིས་མཚོན་བྱེད་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་མཛད་རྗེས་ལོ་རྒྱུས་ཐོག་འཁོད་པའི་རླབས་ཆེན་གྱི་བྱས་རྗེས་བཏོད་ཡོད། ང་ཚོས་ཁོང་རྣམ་པར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།
   ཞི་ཅིན་ཕིང་གིས་གསུངས་དོན། སྐབས་འདིར། ང་ཚོས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་དང་། ཀྲུང་གོ་གུང་ཁྲན་ཏང་འཛུགས་པ་དང་། སྲ་བརྟན་དུ་གཏོང་བ། འཕེལ་རྒྱས་གཏོང་བ་བཅས་ཀྱི་ཆེད་ལེགས་སྐྱེས་གལ་ཆེན་འབུལ་མཁན་བློ་མཐུན་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ལིའུ་ཧྲའོ་ཆི། ཀྲུའུ་ཏེ། ཏེང་ཞའོ་ཕིང་། ཁྲེན་ཡུན་སོགས་གསར་བརྗེ་མཁས་ཅན་རྒན་རབས་ཚོར་རྗེས་དྲན་ཟབ་མོ་ཞུ་རྒྱུ་དང་། ཀྲུང་གོ་གསར་པ་འཛུགས་པ་དང་། སྲུང་སྐྱོང་། འཛུགས་སྐྲུན་བཅས་ཀྱི་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོར་རྗེས་དྲན་ཟབ་མོ་ཞུ་རྒྱུ། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཆེད། དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་གསར་རྗེའི་སྔོན་གཤེགས་དཔའ་བོ་ཚོར་རྗེས་དྲན་ཟབ་མོ་ཞུ་རྒྱུ། ཉེ་རབས་ཚུན་དུ་མི་རིགས་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་ཐོབ་ཆེད་དཔའ་ངར་ཞུམ་མེད་ངང་འབད་འཐབ་བྱེད་མཁན་བློ་མཐུན་ཡོངས་ལ་རྗེས་དྲན་ཟབ་མོ་ཞུ་རྒྱུ་ཡིན། ཁོང་རྣམ་པས་མེས་རྒྱལ་དང་མི་དམངས་ལ་བྱས་རྗེས་རླབས་ཆེན་བཞག་པ་དེ་དག་ལོ་རྒྱུས་ཀྱི་དེབ་ཐེར་དུ་འཁོད་ངེས་རེད། ཁོང་ཚོའི་བླ་ན་མེད་པའི་སྙིང་སྟོབས་མི་དམངས་ཀྱི་སེམས་ནང་ནམ་ཡང་གནས་ངེས་རེད།
   ཞི་ཅིན་ཕིང་གིས་གསུངས་དོན། མི་དམངས་ནི་ལོ་རྒྱུས་གཏོད་མཁན་དང་དཔའ་བོ་ངོ་མ་ཡིན། ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་བཟོ་པ་དང་། ཞིང་པ། ཤེས་ཡོན་ཅན་བཅས་དང་། དམངས་གཙོ་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་ཁག ལས་རིགས་ཁག་གི་རྒྱལ་གཅེས་མི་སྣ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག སྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པ། མེ་ཟོན་རོགས་སྐྱོབ་རུ་ཁག་གི་བཀོད་འཐབ་པ། སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་ཡོངས་རྫོགས། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་བ། དེ་བཞིན་རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། ཀྲུང་གོ་མི་དམངས་དང་མཛའ་མཐུན་མཉམ་གནས་བྱེད་མཁན་དང་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཁག་གི་མི་དམངས་དང་གྲོགས་པོ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐོག་མའི་བསམ་འདུན་སྒྲུབ་སླ་ཡང་། གཏན་དུ་བསྲུང་རྒྱུ་དཀའ་ངལ་ཆེ། ལོ་རྒྱུས་དཔྱད་གཞིར་འཛིན་གྱུར་ན། རྒྱལ་ཁབ་དར་རྒྱས་ཡོང་ངེས་ཡིན། ང་ཚོས་ལོ་རྒྱུས་ཀྱི་འོད་སྣང་དོན་དངོས་ལ་འཕྲོ་བ་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ཁྲོད་ནས་སྔོན་ཆད་ང་ཚོ་ལམ་ལྷོངས་བྱུང་དོན་གསལ་པོར་མཐོང་ཐུབ་པ་དང་། འབྱུང་འགྱུར་ང་ཚོས་ཇི་ལྟར་བྱས་ན་གཞི་ནས་མུ་མཐུད་གྲུབ་འབྲས་ཐོབ་པ་གསལ་པོར་རྟོགས་པར་བྱས་ཏེ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དེ་བས་བློ་བརྟན་འགྱུར་མེད་དང་དེ་བས་རང་རྟོགས་ངང་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་པ་དང་། ལོ་རྒྱུས་དཔྱད་གཞིར་འཛིན་ནས་འབྱུང་འགྱུར་གཏོད་པར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་འགོ་ཁྲིད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཡོངས་ལ་གཅིག་འདོམས་བྱེད་པ་དང་ཕྱོགས་ཁག་དང་མཐུན་སྦྱོར་བྱེད་པའི་ཏང་གི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ངེས་པར་དུ་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་རྒྱུན་ཆད་མེད་པར་འབད་འཐབ་བྱེད་པ་དང་། མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་གཏོད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ། བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་དེ་བས་མངོན་གསལ་དོད་པའི་ངོ་བོའི་རང་བཞིན་གྱི་ཡར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ། མར་ཁེ་སི་རིང་ལུགས་ལ་བརྟེན་ནས་དུས་རབས་ལ་ལྟ་ཞིབ་དང་། དུས་རབས་ལ་སྟངས་འཛིན། དུས་རབས་ལ་སྣེ་ཁྲིད་བཅས་བྱས་ནས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས་མུ་མཐུད་འཕེལ་རྒྱས་གཏོང་དགོས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཕྱོགས་བཅས་མཐའ་འཁྱོངས། རང་ཉིད་ཀྱིས་བདམས་པའི་འགྲོ་ལམ་དུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ཐུབ་པ་བྱེད་དགོས། ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་འགྱུར་མགྱོགས་སུ་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲར་བཏོད་ནས། དེ་བས་ཆེ་བའི་འཇོན་ཐང་དང་དེ་བས་བློས་འགེལ་ཆོག་པའི་བྱ་ཐབས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་དགོས། ངེས་པར་དུ་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། རང་ཚུགས་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱས་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། ལོ་རྒྱུས་ཀྱི་འཁོར་ལོ་འོད་སྟོང་འཕྲོ་བའི་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་བཅས་གཏོང་དགོས། ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཐོག་མཐའ་བར་གསུམ་དུ་བདེ་སྡོད་ཉེན་བསམ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བཅས་བྱས་ཏེ། རི་འཕྲད་ལམ་བཟོ་དང་ཆུ་འཕྲད་ཟམ་སྐྲུན་བྱས་ནས་ཉེན་ཁ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་ཕོད་པ་བྱེད་དགོས། ངེས་པར་དུ་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེ་མོར་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚང་མས་བསམ་བློ་གཏོང་ས་གཅིག་ལ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ལ་རྒྱག་པའི་གསོན་ཉམས་དོད་པའི་རྣམ་པ་ཆགས་པར་བྱས་ནས་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། ངེས་པར་དུ་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ་དང་། ལྕགས་རྡུང་བར་ངེས་པར་དུ་ཐོ་བ་མཁྲེགས་པོ་དགོས་པའི་གནས་ལུགས་བློ་ལ་བརྟན་པོར་ངེས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ཚར་དུས་མེད་པའི་ཆབ་སྲིད་ཀྱི་རང་རྟོགས་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་སྲོག་ཤིང་ལ་འགྱུར་བའི་འགན་ལེན་བྱེད་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་བས་ཨའོ་མོན་སྐྱོང་བ”བཅས་ཀྱི་ཚད་མཐོའི་རང་སྐྱོང་གི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་གནད་ལ་འཁེལ་པོ་བྱས་ནས་ཀྲུང་དབྱང་གིས་ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་ཕྱོགས་ཡོངས་ནས་དོ་དམ་དང་བཅོས་སྐྱོང་བྱེད་པའི་དབང་ཆ་དོན་འཁྱོལ་བྱས་ཏེ། ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་བྱས་ནས་མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། ངོགས་གཉིས་ཀྱི་སྤུན་ཟླ་ཚུད་པའི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་མདུན་སྐྱོད་ཀྱིས“ཐའེ་དབན་རང་བཙན”གྱི་ལྐོག་གཡོ་མཐའ་དག་ཐལ་བའི་རྡུལ་དུ་མཐའ་གཅིག་ཏུ་བརླགས་ནས་མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས། མི་སུ་འདྲ་ཞིག་ཡིན་རུང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་ཀྲུང་གོའི་མི་དམངས་ཀྱི་སྲ་ཞིང་བརྟན་པའི་ཆོད་སེམས་དང་། འགྱུར་བ་མེད་པའི་སྙིང་སྟོབས། ནུས་པ་ཆེན་པོ་བཅས་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་།
   ཞི་ཅིན་ཕིང་གིས་བསྟན་གནང་དོན། འབྱུང་འགྱུར་གཞོན་ནུར་དབང་བ་དང་རེ་བ་ཚང་མ་གཞོན་ནུར་བཅོལ་ཡོད། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རང་འཁྲིའི་ལས་འགན་ལ་བརྩིས་ནས་ཀྲུང་གོ་བ་ཞིག་བྱེད་པའི་བློ་སྟོབས་དང་། ལ་རྒྱ། གདེང་ཚོད་བཅས་ཆེ་རུ་བཏང་སྟེ། དུས་རབས་དང་། ལང་ཚོ། ཏང་དང་མི་དམངས་ཀྱི་རེ་བ་ཟབ་མོ་བཅས་ཆུད་ཟོས་སུ་གཏོང་མི་རུང་།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདས་ཟིན་པའི་ལོ་ངོ་བརྒྱ་ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཕུལ་དུ་བྱུང་བའི་རྒྱུགས་ལན་ཞིག་ཕུལ་ཡོད། ད་ཆ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱུགས་འབུལ་གྱི་ལམ་བུ་གསར་པར་སླར་ཡང་སྐྱོད་འགོ་ཚུགས་ཡོད། ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་ཡོན་ཡོངས་ལ། ཏང་ཀྲུང་དབྱང་གིས་ཁྱེད་ཚོར་འབོད་སྐུལ་བྱ་རྒྱུར། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཏང་གི་དམིགས་ཡུལ་ལག་ལེན་བསྟར་བ། མི་དམངས་མང་ཚོགས་དང་ཤ་རུས་འདྲེས་པ་ལྟ་བུའི་འབྲེལ་བ་ནམ་ཡང་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་ཀ་བྱེད་པ། སྐྱིད་སྡུག་མཉམ་མྱོང་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་བྱ་ཆེད་མུ་མཐུད་འབད་བརྩོན་ལྷོད་མེད་བྱས་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།
   ཞི་ཅིན་ཕིང་གི་གསུང་བཤད་གནང་མཇུག་འགྲིལ་སྐབས། ཚོགས་ར་ཡོངས་ཀྱི་མི་རྣམས་ཀྱིས་ཡར་ལངས་ཤིང་། ཚོགས་ར་ཡོངས་སུ་སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་པ་རེད།
   ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་སྤྱིའི་གླུ་གཞས་ཀྱི་སྒྲའི་ཁྲོད་དུ་གྲོལ་བ་རེད།
   སྤྲོ་སེམས་འཕེལ་བའི་རོལ་དབྱངས་གྲགས་པ་དང་ཆབས་ཅིག ཚོགས་ར་ཡོངས་ཀྱི་མི་རྣམས་ཀྱིས《སྐད་གསང་མཐོན་པོས་མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་གླུ་གཞས་བཏང་བ་དང་། ཞི་བདེའི་ཕུག་རོན་ཁྲི་10དང་ཚོན་ཁྲ་ཅན་གྱི་ལྒང་བུ་ཁྲི་10མཁའ་དབྱིངས་སུ་གློད་པ་རེད། གནམ་བདེ་སྒོ་མོའི་ཐང་ཆེན་དུ་ལས་རིགས་ཁག་གི་མང་ཚོགས་ཀྱིས་གནམ་བདེ་སྒོ་མོའི་ཐོག་ཁང་ལ་ཁ་ཕྱོགས་ཏེ་དགའ་འབོད་གུས་འདུད་ཞུས་པ་དང་ཞི་ཅིན་ཕིང་སོགས་ཀྱིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་ལན་མཚོན་པར་གནང་བ་རེད། ཐོག་ཁང་སྟེང་འོག་ཚང་མར་ཟོལ་མེད་ཀྱི་བརྩེ་སེམས་གཅིག་ཏུ་འབྲེལ་ཡོད་པ་དང་ཐང་ཆེན་གྱི་ཕྱི་ནང་ཀུན་ཏུ་དགའ་སྤྲོའི་རྣམ་པས་ཡོངས་སུ་ཁེངས་ཤིང་། ཚང་མས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་དང་མེས་རྒྱལ་དང་འཛམ་གླིང་གི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བའི་སྨོན་འདུན་ཞུས་པ་རེད། 

ཟླ་7ཚེས་1ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན། ཧུའུ་ཅིན་ཐའོ་སོགས་ཚོགས་ཆེན་ལ་ཞུགས་པ།
ཟླ་7ཚེས་1ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན། ཧུའུ་ཅིན་ཐའོ་སོགས་ཚོགས་ཆེན་ལ་ཞུགས་པ། 
ཟླ་7ཚེས་1ཉིན་གྱི་སྔ་དྲོ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་མཛད་སྒོ་གཟབ་རྒྱས་ཀྱི་རྣམ་པ་ཡིན་པ།
ཟླ་7ཚེས་1ཉིན་གྱི་སྔ་དྲོ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་མཛད་སྒོ་གཟབ་རྒྱས་ཀྱི་རྣམ་པ་ཡིན་པ། 

  
style="display:none;"