མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་རུ་འབྲུབ་འགོག་
ཉེན་སེལ་གེགས་སེལ་དང་འབྲུབ་འགོག་ལས་དོན་གྱི་བརྙན་ལམ་ཚོགས་འདུ་གཙོ་སྐྱོང་གནང་། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་28ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ལི་ཁེ་ཆང་གིས་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་རུ་འབྲུབ་འགོག་ཉེན་སེལ་གེགས་སེལ་དང་འབྲུབ་འགོག་ལས་དོན་གྱི་བརྙན་ལམ་ཚོགས་འདུ་གཙོ་སྐྱོང་གནང་སྐབས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས་འགན་འཁྲི་ནན་དུ་དང་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ་འབྲུབ་འགོག་གེགས་སེལ་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་ཞེས་ནན་བཤད་གནང་བ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་26ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་རུ་བརྙན་ལམ་ཚོགས་འདུ་གཙོ་སྐྱོང་གནང་ནས། མིག་སྔ་དང་གོམ་སྟབས་རྗེས་མའི་འབྲུབ་འགོག་ཉེན་སེལ་གེགས་སེལ་དང་འབྲུབ་འགོག་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཞིབ་འཇུག་གནང་བ་རེད།
    འཕྲལ་སྡོམ་དོ་དམ་པུའུ་ཡིས་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་ཚབ་ཞུས་ནས་སྙན་སེང་ཞུས་པ་རེད། ལི་ཁེ་ཆང་གིས་ཧོ་ནན་དང་། ཧོ་པེ། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ་སོགས་འབྲུབ་འགོག་གེགས་སེལ་གྱི་ལས་འགན་ལྕི་བའི་ཞིང་ཆེན་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་དང་བརྙན་ལམ་སྦྲེལ་མཐུད་གནང་བ་དང་འབྲེལ་གནམ་གཤིས་ཅུས་དང་། ཆུ་བེད་པུའུ། རང་བྱུང་ཐོན་ཁུངས་པུའུ། སྡོད་ཁང་འཛུགས་སྐྲུན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་བཅས་ཀྱི་འགན་འཁུར་བའི་སྙན་སེང་ཡང་གསན་ནས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་དང་གོམ་སྟབས་རྗེས་མར་ཁ་གཏད་གཅོག་པའི་གྲ་སྒྲིག་ལས་དོན་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་སྟེ་བདེ་འཇགས་ཀྱི་རྩ་བ་དེ་དམ་པོར་བཟུང་ནས་བྱེད་ཐབས་ཁག་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
    ལི་ཁེ་ཆང་གིས་ཉེ་དུས་རང་རྒྱལ་གྱི་ས་ཆ་ཆ་ཤས་ལ་ཆར་པ་ཧ་ཅང་ཆེན་པོ་ཡང་ཡང་བབས་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་པ་དེ་མི་རྣམས་སེམས་སྐྱོ་དགོས་པ་ཞིག་ཡོད། གནོད་འཚེ་ཕོག་ཁུལ་དང་འབྲེལ་ཡོད་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་ཉེན་སེལ་གེགས་སེལ་བྱས་ཏེ་ལས་དོན་འབོར་ཆེན་བསྒྲུབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མུ་མཐུད་ལག་བསྟར་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། གོམ་སྟབས་རྗེས་མའི་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དམ་འཛིན་ཡག་པོ་བྱེད་དགོས། མིག་སྔར་ཆར་ཞོད་ཆེ་སྒང་གི་འབྲུབ་འགོག་གི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། གནམ་གཤིས་སྔོན་བརྡ་ལྟར་ན། བྱང་རྒྱུད་ཀྱི་ས་ཁུལ་ཆ་ཤས་ལ་ད་དུང་ཆར་པ་ཧ་ཅང་ཆེན་པོ་འབབ་སྲིད་པ་དང་། རྒྱ་མཚོའི་རླུང་འཚུབ་དྲག་པོའི་ཤུགས་རྐྱེན་ཆེན་པོ་མཚོ་འགྲམ་ས་ཁུལ་ལ་ཐེབས་སྲིད་པས་འབྲུབ་འགོག་གི་དུས་བབ་ཧ་ཅང་ཛ་དྲག་པོ་ཡོད། དེར་བརྟེན་ཕྱོགས་ཡོངས་ནས་བྱེད་ཐབས་སྤྱད་དེ་ཆུ་མ་ཤོར་གོང་ལ་རགས་བརྒྱབ་ནས་གྱོང་གུན་ཕོག་ཚད་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་གསུངས་པ་རེད།
   ལི་ཁེ་ཆང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཨང་དང་པོར་བཞག་ནས་འབྲུབ་འགོག་གེགས་སེལ་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། མིའི་ཚེ་སྲོག་གསེར་ལས་ལྷག་ཅེས་པ་ལྟར་ཧོ་ནན་སོགས་གནོད་འཚེ་ཕོག་ཁུལ་གྱིས་ཉེན་གྱར་མང་ཚོགས་རོགས་སྐྱོབ་བྱེད་པ་འབྲུབ་འགོག་གེགས་སེལ་གྱི་ལས་འགན་ཨང་དང་པོར་བརྩིས་ནས་ཁུག་ཆ་མ་ལུས་པ་དང་མི་གཅིག་ཀྱང་མ་ལུས་པར་བྱས་ཏེ་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། རེ་བ་ཕྲན་བུ་ལས་མེད་ཀྱང་འབད་པ་ཆེར་བསྐྱེད་བྱེད་དགོས། དུས་ཐོག་ཏུ་ཆེད་ལས་དཔུང་ཁག་དང་སྒྲིག་ཆས་བཀོད་གཏོང་བྱས་ཏེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་དགོས་མཁོ་ཡོད་པའི་ས་གནས་ཀྱི་གེགས་སེལ་ལ་རྒྱབ་སྐྱོར་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་ཡོངས་བསྒྲགས་ཁ་གསལ་ངང་རོགས་སྐྱོབ་སོགས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས་ཞེས་གསུངས་པ་རེད།
    ལི་ཁེ་ཆང་གིས་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཉམས་ཞན་ལྷུ་ཚིགས་ལ་ཤུགས་སྣོན་རྒྱག་དགོས། ཆར་ཞོད་ཀྱི་གནས་ཚུལ་དང་རྒྱ་མཚོའི་རླུང་འཚུབ་དྲག་པོར་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། སྔོན་ཚུད་ནས་ཉེན་བརྡ་གཏོང་བའི་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ། དུས་ཐོག་ཏུ་སྔོན་བརྡ་གཏོང་བ་དང་དུས་ཐོག་ཏུ་ལན་འདེབས་པ་བཅས་བྱས་ནས་འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་ཆེ་རུ་དང་མང་ཚོགས་ཀྱི་རང་ངོས་འགོག་སྲུང་འདུ་ཤེས་ཟབ་ཏུ་གཏོང་དགོས། ཛ་དྲག་གི་གནས་ཚུལ་འོག་གྲོང་ཁྱེར་གྱི་འཁྱིལ་ཆུའི་གནོད་འཚེ་ཚབས་ཆེན་ལ་དམིགས་ནས་དུས་ཐོག་ཏུ་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཉེན་གཡོལ་བྱེད་དགོས་པ་དང་། དམིགས་བསལ་ལས་རིགས་ཕུད་འཕྲལ་ཐག་ཆོད་པོས་ལས་མཚམས་དང་། སློབ་མཚམས། གཉེར་མཚམས་བཅས་བཞག་སྟེ་སྨན་ཁང་སོགས་ཚན་པ་གལ་ཆེན་གྱི་གློག་ཤུགས་དང་། ཆུ་མཁོ་སྤྲོད། འཕྲིན་གཏོང་ཤར་གཏོང་བཅས་འགན་ལེན་བྱེད་དགོས། ལྷག་པར་དུ་མི་ཚོགས་མང་བའི་གྲོང་ཁྱེར་གྱི་ས་འོག་ལྕགས་ལམ་དང་། ཕུག་ལམ། ས་འོག་བར་མཐོངས་སོགས་ལ་མང་ཚོགས་ཀྱི་བདེ་འཇགས་འགན་ལེན་བྱེད་ཐབས་ནན་པོ་ཡོད་པར་བྱེད་དགོས་ཤིང་། ཐལ་དྲགས་ཙམ་དང་ནན་ཙམ་བྱེད་དགོས་རུང་མཚམས་འཇོག་བྱེད་དགོས་སར་མཚམས་འཇོག བཀག་སྡོམ་བྱེད་དགོས་སར་བཀག་སྡོམ་བྱས་ནས་མི་སྣ་ཤི་རྨས་མི་ཡོང་བར་བྱེད་དགོས། གཙང་པོ་དང་ཆུ་བོ་གཙོ་བོ་དང་། ཆུ་མཛོད། ཆུ་རགས། རྨང་གཞིའི་སྒྲིག་བཀོད་གལ་ཆེན། གྲོང་ཁྱེར་གྱི་མི་ཚོགས་འདུ་ས་གཙོ་བོ་བཅས་སུ་ཞོད་སྐྱོན་སྔོན་འགོག་སོགས་ལ་དམིགས་ཏེ་སྐོར་ཞིབ་ལས་རེས་ལ་ཤུགས་སྣོན་རྒྱག་པ་དང་འབྲུབ་འགོག་གེགས་སེལ་གྱི་དངོས་རྫས་གྲ་སྒྲིག་གང་ལེགས་བྱས་ནས། ཉེན་ཁའི་གནས་ཚུལ་ཐོན་ཚེ་འཕྲལ་མར་ཐག་གཅོད་བྱེད་པ་ལས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། ཆུ་ལོག་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་གནོད་འཚེ་མ་ཐོན་སྔོན་འགོག་ཤུགས་ཆེན་བྱེད་དགོས་ཞེས་གསུངས་པ་རེད།
    ལི་ཁེ་ཆང་གིས་རྐྱེན་ལམ་དུ་ཤོར་བའི་ནང་མིར་སེམས་གསོ་འཚམས་འདྲི་དང་འཆི་གོད་གྱོང་གསབ་འོས་འཚམ་བྱེད་པ་དང་། གནོད་འཚེ་ཕོག་པ་དང་གནས་སྤོས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཡག་པོ་བྱེད་པ། གེགས་ཁུལ་གྱི་འཕྲོད་བསྟེན་རིམས་འགོག་ལ་ཤུགས་སྣོན་རྒྱག་པ། འདམ་རྫབ་དང་འཁྱིལ་ཆུ་མགྱོགས་མྱུར་གཤོང་འབུད་བྱེད་པ། གློག་དང་། ཆུ། འགྲིམ་འགྲུལ་འཕྲིན་གཏོང་སོགས་གང་མགྱོགས་སླར་གསོ་བྱེད་དགོས། ཐོན་སྐྱེད་སླར་གསོ་དང་གེགས་རྗེས་བསྐྱར་སྐྲུན་བྱེད་སྐབས་འཕྲལ་དུ་ཀྲུང་དབྱང་ནོར་སྲིད་ཀྱི་གྲ་སྒྲིག་གྲོན་དངུལ་སྤྱད་དེ་སྔོན་ལ་མ་དངུལ་སྒོར་དུང་ཕྱུར་བཅུ་ཕྲག་ཁ་ཤས་བཏང་ནས་གནོད་འཚེ་ཕོག་ཚབས་ཆེ་བའི་ས་ཁུལ་ལ་རྒྱབ་སྐྱོར་དང་གནོད་འཚེའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་འཕེལ་རིམ་ལ་གཞིགས་ནས་སླར་ཡང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་གནས་ཀྱིས་ཀྱང་ཆེད་དམིགས་མ་དངུལ་བཀོད་སྒྲིག་བྱེད་དགོས་པ་དང་དུས་མཚུངས་སྤྱི་ཚོགས་ཀྱི་ཞལ་འདེབས་མ་དངུལ་ཡོངས་བསྒྲགས་དང་ཁ་གསལ་ངང་ཡག་པོ་སྤྱོད་དགོས་ཞེས་གསུངས་པ་རེད།
    ལི་ཁེ་ཆང་གིས་ཕྱོགས་ཁག་དང་། རིམ་པ་ཁག ལྷུ་ཚིགས་ཁག་བཅས་ཀྱི་འགན་འཁྲི་ཞིབ་ཕྲ་བཟོ་བ་དང་ནན་དུ་བཏང་ནས་མི་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་དང་འགན་འཛོལ་ཤོར་མཁན་གྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། ཉམས་མྱོང་དང་བསླབ་བྱ་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་། འཕྲལ་སྡོམ་སྔོན་ཇུས་དང་འབྲེལ་ཡོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་ལ་འགོག་ཟོན་དང་ཁ་གཏད་འཇལ་ནུས་ཆེ་རུ་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཡུལ་ཕྱོགས་གཅིག་གི་དུས་བདེ་སྲུང་སྐྱོང་ཡག་པོ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོ་དང་སྐྱོན་བྲལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

  
style="display:none;"