མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རོན་ཁྲུན་ཕུའུ་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་མུ་མཐུད་བདམས་པར་གློག་
འཕྲིན་བཏང་གནང་ནས་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་28ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ལི་ཁེ་ཆང་གིས་ཧྥན་མིང་ཀྲེང་ཝེ་ཐེ་ནམ་སྲིད་གཞུང་གི་ཙུང་ལིར་མུ་མཐུད་བདམས་པར་གློག་འཕྲིན་བཏང་གནང་ནས་རྟེན་འབྲེལ་ཞུས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རོན་ཁྲུན་ཕུའུ་ལ་གློག་འཕྲིན་བཏང་གནང་སྟེ། ཁོང་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་མུ་མཐུད་བདམས་པར་རྟེན་འབྲེལ་ཞུས་པ་རེད།
   ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་ཀྲུང་གོ་དང་ཝེ་ཐེ་ནམ་ནི་རི་ཆུ་གཅིག་ཏུ་འབྲེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་ཞིང་། སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་ལ་ཐུན་མོང་གི་ཁེ་ཕན་ཡང་རྒྱ་ཁྱབ་ལྡན་ཡོད། ལོ་བརྒྱའི་འཕོ་འགྱུར་དང་དུས་རབས་ཀྱི་གེགས་བར་རང་བཞིན་གྱི་རིམས་ནད་ཀྱི་མདུན་དུ་ཕྱོགས་གཉིས་པོས་ཐུན་མོང་གི་ཕུགས་བསམ་དང་དད་སེམས་བརྟན་སྲུང་དང་མཐུན་སྒྲིལ་མཛའ་གྲོགས་ཀྱི་ཐོག་མའི་བསམ་འདུན་ལག་ལེན་བསྟར་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཡོད་ཅེས་བསྟན་གནང་ཡོད།
   ཞི་ཅིན་ཕིང་གིས་འདི་ལོ་ཤར་ཚུན་ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་གསུམ་པ་རྒྱལ་ཁའི་ངང་འཚོགས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་འཁྲུངས་སྐར་བསུས་ཡོད། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཏང་དང་རྒྱལ་ཁབ་གཉིས་ཀྱི་འཛུགས་སྐྲུན་བྱ་གཞག་སྔ་མཐུད་ཕྱི་སྐྱོང་བྱེད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ངས་ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ་ཝེ་ཐེ་ནམ་གྱི་འགོ་ཁྲིད་བློ་མཐུན་ཚོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། དུས་སྐབས་གསར་པའི་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཐབ་ཇུས་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་དམིགས་ཚད་ཕྱོགས་སུ་རྒྱུན་ཆད་མེད་པར་སྐྱོད་འདོད་ཡོད་ཅེས་ནན་བཤད་གནང་ཡོད།
    ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧྥན་མིང་ཀྲེང་ཝེ་ཐེ་ནམ་སྲིད་གཞུང་གི་ཙུང་ལིར་མུ་མཐུད་བདམས་པར་གློག་འཕྲིན་བཏང་གནང་ནས་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ཙུང་ལི་ཧྥན་མིང་ཀྲེང་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཛའ་གྲོགས་མཉམ་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་མགྱོགས་པོ་བྱེད་པ། གཉིས་ཁེ་གཉིས་ཕན་གྱི་རྣམ་པ་གཏོད་པ་བཅས་བྱས་ནས་དུས་སྐབས་གསར་པའི་ཀྲུང་ཝེའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"