མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་ཚོགས་ཆེན་སྐབས་
དང་པོར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་31ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་28དང་29ཉིན། རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་ཚོགས་ཆེན་སྐབས་དང་པོ་ཁྲུང་ཆིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད། མཆན་བཀོད་མཛུབ་སྟོན་ནང་། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བ་དེས་སྤྱི་ཚོགས་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། རང་རྒྱལ་གྱི་མི་ཤུགས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས་ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་དང་། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ཆེའི་འཐབ་ཇུས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་བཅས་ལག་བསྟར་བྱ་རྒྱུ་སྣེ་ཁྲིད་དུ་བྱས་ནས་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། ངལ་ནུས་ཁྲོམ་ར་དང་། ཤེས་ལྡན་མི་སྣའི་ཁྲོམ་ར། ཉིན་གླའི་ཁྲོམ་ར་བཅས་འཛུགས་སྐྱོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ལས་ཞུགས་རྒྱ་ཆེར་གཏོང་བ་དང་། མི་ཤུགས་ཐོན་ཁུངས་ཀྱི་བཀོད་སྒྲིག་ལེགས་སུ་གཏོང་བར་སྔར་བས་སྐུལ་འདེད་གཏོང་བ། ངལ་རྩོལ་བ་ཁྲི་སྟོང་མང་པོ་དང་རིགས་ཁག་གི་ཤེས་ལྡན་མི་སྣའི་ལས་གཏོད་གསར་གཏོད་ཀྱི་གསོན་ཤུགས་སྔར་བས་འཕེལ་བ་བྱེད་པ། སྒུལ་ནུས་གསར་པ་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བཅས་བྱས་ནས་རང་རྒྱལ་དཔལ་འབྱོར་གྱི་ཕྱོགས་བསྡུས་འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་བ་དང་། དམངས་འཚོ་རྒྱུན་མཐུད་ལེགས་སུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ལུགས་བསྟན་ཡོད་པ་རེད།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་བརྙན་ལམ་བརྒྱུད་ཤིས་ཚིག་སྒྲོན་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་བྱེད་པ། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ནས་ལས་ཞུགས་ཀྱི་སྤྱི་ཡོངས་དུས་བབ་བརྟན་པོ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

  
style="display:none;"