མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཞི་ཅིན་ཕིང་ཧྥུའུ་ཅན་དུ་བཞུགས་རིང》དེབ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་31ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། 《ཞི་ཅིན་ཕིང་ཧྥུའུ་ཅན་དུ་བཞུགས་རིང》དེབ་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
   1985ལོའི་ཟླ་6པ་ནས་2002ལོའི་ཟླ་10པ་བར། བློ་མཐུན་ཞི་ཅིན་ཕིང་གིས་ལོ་17ལྷག་ཙམ་ཧྥུའུ་ཅན་དུ་ཕྱག་ལས་གནང་ཞིང་། ཁོང་གིས་སྔ་རྗེས་སུ་ཞ་མོན་གྲོང་ཁྱེར་དང་། ཉིང་ཏེ་ས་ཁུལ། ཧྥུའུ་ཀྲོའུ་གྲོང་ཁྱེར། ཧྥུའུ་ཅན་ཞིང་ཨུད། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ལས་གནས་གལ་ཆེན་ཁག་ཏུ་འགོ་ཁྲིད་ཀྱི་འགན་བཞེས་ཡོད། བཅར་འདྲིའི་དངོས་བྲིས《ཞི་ཅིན་ཕིང་ཧྥུའུ་ཅན་དུ་བཞུགས་རིང》དེབ་ལས་གཙོ་བོ་བློ་མཐུན་ཞི་ཅིན་ཕིང་གིས་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་གི་འགན་བཞེས་རིང་གི་ལས་ཀའི་ཉམས་མྱོང་མཚོན་པ་དང་། དེའི་ནང་ཁོང་གིས་ཞིང་ཆེན་གྱི་ཁྱབ་ཁོངས་སུ་འགོ་ཁྲིད་ཀྱི་ལས་དོན་སྤེལ་གནང་བའི་གནས་ཚུལ་དངོས་བཀོད་ཡོད།
   ཧྥུའུ་ཅན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དུ་ཕྱག་ལས་གནང་རིང་། བློ་མཐུན་ཞི་ཅིན་ཕིང་གིས“སྐྱེ་ཁམས་ཀྱི་ཧྥུའུ་ཅན”འཛུགས་སྐྲུན་བྱ་རྒྱུ་བཏོན་གནང་བ་དང་། སྐུ་ངོ་མས་མཉམ་སྡེབ་ཀྱི་ནགས་ཚལ་བདག་དབང་ལམ་ལུགས་སྒྱུར་བཅོས་དང་ཁྲང་ཐིང་གི་ས་ཆུ་ཤོར་བ་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་གནང་བ་དང་། “གྲངས་འཛིན་གྱི་ཧྥུའུ་ཅན”འཛུགས་སྐྲུན་བྱེད་དགོས་པ་བཏོན་གནང་བ་དང་འབྲེལ་ལག་བསྟར་བྱས་ནས་ཆ་འཕྲིན་ཅན་གྱི་འཐབ་ཇུས་ཀྱི་མཐོ་ས་བཟུང་གནང་བ། ལོ་དྲུག་རིང་ཅིན་ཅང་དུ་ཐེངས་བདུན་ཕེབས་ཏེ“ཅིན་ཅང་གི་ཉམས་མྱོང”ལ་བརྟག་ཞིབ་དང་ཕྱོགས་སྡོམ་གྱིས་རྫོང་ཁོངས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་གནང་བ། ཞིང་ཆེན་རིམ་པའི་ལས་ཁུངས་ཀྱི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཏང་ཡོན་དང་ལས་བྱེད་པས་སྲིད་གཞུང་མདུན་གྱི“མི་དམངས”ཞེས་པའི་ཡིག་འབྲུ་གཉིས་བློ་ལ་བརྟན་པོར་ངེས་དགོས་པའི་སློབ་གསོ་གཏོང་བ། རྒྱལ་ཡོངས་ཀྱི་སྔོན་ལ་ཞབས་ཞུ་རྣམ་པའི་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཞིང་ཆེན་ཡོངས་སུ་རྫོང་རིམ་པའི་སྲིད་དོན་ཡོངས་བསྒྲགས་ཁྱབ་གདལ་གཏོང་བ་བཅས་གནང་བ། མི་དམངས་ཀྱི་བདེ་ཐང་ཨང་དང་པོར་བཞག་ནས“གསོལ་ཅོག་ཐོག་གི་སྦགས་བཙོག”བཅོས་སྒྲིག་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། ཞིང་ཁ་ནས་གསོལ་ཅོག་བར་གྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་འདོམས་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་གནང་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཧྥུའུ་ཐའེ་ཡི་ཐད་གཏོང་ལམ་ཐིག་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཧྥུའུ་ཐའེ་ཡི་སྤེལ་རེས་ཁག་རྒྱ་ཆེར་གཏོང་བ་བཅས་གནང་བས་ངོགས་གཉིས་ཀྱི་དཔལ་འབྱོར་དང་མི་ཆོས་རིག་གནས་སྤེལ་རེས་ཐད་དགེ་མཚན་ལྡན་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ལས་དོན་དེ་དག་ལ་རྒྱང་ལྟའི་རང་བཞིན་དང་གསར་གཏོད་རང་བཞིན་ལྡན་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཧྥུའུ་ཅན་ཞིང་ཆེན་གྱི་གནས་ཚུལ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྟངས་འཛིན་གནང་ནས། ཧྥུའུ་ཅན་གྱི་ས་གཞི་ཆེ་མོའི་སྒྱུར་བཅོས་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱིས་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུར་སྐུལ་འདེད་ནུས་ལྡན་བཏང་གནང་བ་གསོན་ཉམས་དོད་པོས་མངོན་ཡོད།
   《ཞི་ཅིན་ཕིང་ཧྥུའུ་ཅན་དུ་བཞུགས་རིང》དེབ་ནང་བཀོད་པའི་རྩོམ་ཡིག་ཁྱོན་35ཡི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དུ་ཕྱག་ལས་གནང་རིང་བློ་གཤོགས་ཆེན་པོ་དང་། ཇུས་འགོད་ཞིབ་ཚགས། བློ་རྩ་བརྟན་པོས་གསར་གཏོད་བཅས་ཀྱི་འགོ་ཁྲིད་ཀྱི་ཉམས་འགྱུར་སླར་ཡང་མངོན་པ་མ་ཟད། སྔོན་ལ་སྣེ་ཁྲིད་པ་དང་། རང་དཔེ་གཞན་སྟོན། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཁོང་གི་ལས་ཀའི་སྤྱོད་ཚུལ་དང་དེ་བཞིན་གཞི་རིམ་དང་། མང་ཚོགས། དམངས་འཚོ་བཅས་ལ་བཅངས་པའི་ཁོང་གི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་མངོན་ཡོད། དེབ་དེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་འགོ་ཁྲིད་ལས་བྱེད་པའི་འགོ་ཁྲིད་འཇོན་ཐང་ཆེ་རུ་དང་འགོ་ཁྲིད་ཆུ་ཚད་མཐོ་རུ་གཏོང་བར་གསོན་ཉམས་དོད་པའི་བསླབ་གཞི་ཞིག་མཁོ་འདོན་བྱས་ཡོད།

  
style="display:none;"