མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་བསྣམས་ཏེ། དབང་དབྱང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ལྷ་སར་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་
རྟེན་འབྲེལ་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་19ཉིན། 12:37】  

འདི་ནི་གནམ་ཐང་དུ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་དབྱང་སྐུ་ཚབ་ཚོགས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་བཞིན་པ།

འདི་ནི་གནམ་ཐང་དུ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་དབྱང་སྐུ་ཚབ་ཚོགས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་བཞིན་པ།

     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་གཙོ་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པ་ལྷ་སར་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས། འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་18ཉིན་གནས་ཚུལ་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་གཙོ་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་བསྣམས་ཏེ་ཚེས་18ཉིན་གྱི་ཉིན་དགུང་ལྷ་སར་ཕེབས་འབྱོར་ཟིན་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་རེད།
     གནམ་ཐང་དུ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་དབྱང་སྐུ་ཚབ་ཚོགས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།
      དབྱར་ཟླ་བརྒྱད་པའི་མཚོ་བོད་ས་མཐོར་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པ་དང་སྐལ་བཟང་མེ་ཏོག་གང་སར་བཞད། ལྷ་ས་གོང་དཀར་གནམ་ཐང་ནས་འགྱུར་ཁུག་སྙན་པའི་གླུ་དབྱངས་གྲགས་ཏེ་གང་སར་སྤྲོ་སྣང་གི་རྣམ་པས་ཁེངས།
     ཆུ་ཚོད་12དང་སྐར་མ་50ཙམ་ལ་སྐུ་ཚབ་ཚོགས་པའི་ཆེད་གཏོང་གནམ་གྲུ་གོང་དཀར་གནམ་ཐང་དུ་དལ་བུར་བབས་ཤིང་། གནམ་ཐང་དུ་ཕེབས་བསུར་བཅར་བའི་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་ཚོས་སྤྲོ་སེམས་འཁོལ་པོས་ཐལ་མོ་རྡེབ་པ་དང་དགའ་འབོད་བྱས་པ་རེད། དབང་དབྱང་གིས་གནམ་གྲུའི་སྐས་ཀ་ནས་དལ་བུར་བབ་བཞིན་དུ་ཕེབས་བསུར་བཅར་བའི་མང་ཚོགས་ལ་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བ་རེད།
     ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པའི་འགན་བཞེས་མཁན་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་པད་མ་འཕྲིན་ལས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་དང་དམག་ཨུད་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་མེའོ་ཧྭ་བཅས་གནམ་གྲུའི་སྐས་ཀ་ནས་ལྷན་དུ་བབས་གནང་ཞིང་། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མིའང་དུས་གཅིག་ཏུ་ལྷ་སར་ཕེབས་འབྱོར་ཟིན་པ་རེད།
     རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཀྲོང་ཡན། ཡན་ཅིན་ཧའེ་བཅས་ཀྱིས་གནམ་ཐང་ནས་ཕེབས་བསུ་ཞུས་པ་རེད།
     མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་500ཙམ་གྱིས་གཟབ་མཆོར་སྤྲས་ནས་ལག་ནང་གི་ཚོན་མདོག་རྣམ་པར་བཀྲ་བའི་མེ་ཏོག་གཡུག་གཡུག་བྱེད་པ་དང་། འཁྲུག་ཆ་དོད་པའི་མི་རིགས་ཀྱི་ཞབས་བྲོ་འཁྲབ་པ། པེ་ཅིང་ནས་ཕེབས་པའི་སྐུ་མགྲོན་ལ་དཀར་གཙང་མཇལ་དར་སྒྲོན་པ། ནས་ཆང་དང་ཕྱེ་མར་བཏེགས་པ་རེད།
     《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པའི་གླུ་དབྱངས་ཀྱི་འགྱུར་ཁུག་གོང་དཀར་གནམ་ཐང་དུ་ཡུན་རིང་གྲགས་ཤིང་། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཏང་གི་བཀའ་དྲིན་ཚོར་ལུགས་མཚོན་ཡོད་ལ། ཀྲུང་དབྱང་སྐུ་ཚབ་ཚོགས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་ལུགས་ཀྱང་མཚོན་ཡོད། མེ་ཏོག་དང་། དར་ཚོན། ཁ་བཏགས་སོགས་ཀྱིས་རབ་ཏུ་བརྒྱན་ཞིང་། གནམ་སྔོན་སྤྲིན་དཀར་འོག་གི་ཡར་ཀླུང་གཙང་པོའི་ངོགས་གཉིས་སུ་དགའ་སྤྲོ་དང་བཀྲ་ཤིས་ཀྱི་རྣམ་པས་ཁེངས། དྲིན་ཚོར་གྱི་སྐད་ཆ་བརྗོད་ཀྱང་བརྗོད་མི་ཚར། དགའ་སྤྲོའི་གླུ་དབྱངས་བླངས་ནས་གཉེན་ཉེར་བསུ་བ་ཞུ། “དགའ་བསུ་ཞུ། དགའ་བསུ་ཞུ། སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ”ཞེས་པའི་དགའ་འབོད་གཅིག་འཇགས་གཅིག་ལངས་རྒྱ་མཚོའི་རླབས་སྒྲ་ལྟར་བསྒྲགས་ཤིང་། ཚང་མས་ཆེས་དཀར་གཙང་གི་མཇལ་དར་སྒྲོན་བཞིན་སྤྲོ་སེམས་རབ་ཏུ་འཁོལ་བའི་ཞབས་བྲོ་འཁྲབ་སྟེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བཀའ་དྲིན་ཚོར་ལུགས་ཀྱི་བརྩེ་བ་ཟབ་མོ་མཚོན་པར་བྱས་ལ། རྒྱལ་ཡོངས་མི་དམངས་ཀྱིས་བོད་ལ་སྒེར་སེམས་མེད་པར་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་ལུགས་ཀྱང་མཚོན་པར་བྱས།
     གནའ་གྲོང་ལྷ་སར་དུས་ཆེན་གྱི་གཟབ་མཆོར་སྤྲས་ནས་གང་སར་དགའ་སྤྲོའི་རྣམ་པས་ཁེངས། གནམ་ཐང་ནས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་བཞུགས་གནས་གསོལ་མགྲོན་ཁང་བར་གྱི་ལམ་རྒྱུད་གཡས་གཡོན་གཉིས་སུ་དར་ཚོན་དང་། འཕྲེད་འགེལ་ཡི་གེ སྦྱར་ཡིག་བཅས་ཀྱིས་བརྒྱན་ནས་དགའ་སྤྲོ་དང་སྐྱིད་སྣང་གི་བསམ་པ་མཚོན།
     ཚེས་18ཉིན་གྱི་ཕྱི་དྲོ། དབང་དབྱང་གིས་སྐུ་ཚབ་ཚོགས་པའི་ཁོངས་མི་ཡོངས་ཀྱི་སྣེ་ཁྲིད་དེ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས《ཏང་གི་གཟི་འོད་མཐའ་མཚམས་ཕྱོགས་ལ་འཕྲོས། མཛེས་སྡུག་ས་མཐོས་ངོ་མཚར་ལོ་རྒྱུས་བཏོད།—བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་གྲུབ་འབྲས་འགྲེམས་སྟོན》གྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ། འགྲེམས་སྟོན་ལ་གཟིགས་སྐོར་ཡང་གནང་བ་རེད།
      དབང་དབྱང་གིས་གྲུབ་འབྲས་འགྲེམས་སྟོན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། བློ་བཟང་རྒྱལ་མཚན་གྱིས་ཤིས་ཚིག་བསྒྲོན་པ། ཆེ་དགྲ་ལྷས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད། འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཡོངས་ཀྱིས་སྤྲོ་སྣང་ཆེན་པོས་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།
     བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་གྲུབ་འབྲས་འགྲེམས་སྟོན་དེ་རླབས་ཆེན་གྱི་ལོ་རྒྱུས་ལམ་བུ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལས་གྲུབ་ཅིང་། འགྲེམས་སྟོན་ཐོག་བོད་ཞི་བའི་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། རང་སྐྱོང་ལྗོངས་དབུ་བརྙེས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ། དུས་རབས་གསར་པར་སླེབས་པ་བཅས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་ཁྱོན་ཡོངས་ནས་ཕྱིར་དྲན་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་མངོན་པར་བྱས་ཡོད།
     དབང་དབྱང་སོགས་འགྲེམས་ཁང་དུ་ཕེབས་ནས་འགྲེམས་པང་ལ་གཟིགས་པ་དང་འབྲེལ་འགྲེལ་བཤད་ནན་ཏན་ངང་གསན་ཞིང་། 《གྲོས་མཐུན་དོན་ཚན་བཅུ་བདུན》ལ་མིང་རྟགས་འགོད་པའི་མཛད་སྒོའི་ལོ་རྒྱུས་ཀྱི་པར་རིས་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་བའི་འགྲེམས་པང་། ཁ་གཏད་བོད་སྐྱོར་མ་དངུལ་གྱི་རེའུ་མིག 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》གི་པར་རིས་སོགས་འགྲེམས་པང་རེ་རེ་དང་པར་རིས་དང་རེའུ་མིག་རེ་རེའི་ཐོག་ནས་ལོ་ངོ་70ཡི་རིང་ཏང་གི་འགོ་ཁྲིད་འོག་བོད་ལ་འཕེལ་རྒྱས་མྱུར་པོ་བྱུང་བ་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད། དབང་དབྱང་གིས་ཕེབས་མཚམས་ཡང་ཡང་བཞག་ནས་འགྲེམས་པང་ལ་གཟིགས་པ་དང་འབྲེལ་ཡོད་གནས་ཚུལ་ཞིབ་ཕྲ་དྲིས་གནང་རྗེས་ཉེ་བའི་ལོ་ཤས་རིང་བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།
     ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར་ཚེས་18ཉིན་གྱི་དགོང་མོ་དབང་དབྱང་གིས་ལྷ་ས་གསོལ་མགྲོན་ཁང་ལ་བོད་དུ་ཡོད་པའི་འགོ་ཁྲིད་ལས་བྱེད་པ་དང་བློ་མཐུན་རྒན་གྲས་པད་མ་འཕྲིན་ལས་དང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ལེགས་མཆོག པ་སངས་བཅས་དང་དེ་བཞིན་བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་ཀྱི་ནང་མིའི་འཐུས་མིར་གཟིགས་ནས་ཁོང་ཚོར་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།
      དབང་དབྱང་གིས་ཁོང་ཚོའི་གཟུགས་པོ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། མི་རིགས་ཁག་གི་མང་ཚོགས་ཁྲོད་ཁོང་ཚོར་བླ་ན་མེད་པའི་མཚན་སྙན་ཡོད་པ་དང་ཁོང་ཚོས་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད།
     ལེགས་མཆོག་དང་པ་སངས་སོགས་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་བློ་མཐུན་རྒན་གྲས་ཚོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་ནས་ཡུན་རིང་མ་སོང་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་འདིར་ཀྲུའུ་ཞི་དབང་དབྱང་གིས་ཚོགས་གཙོ་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་ཐུགས་ལ་མངའ་བཞིན་དུ་བོད་དུ་ལས་ཀ་བྱེད་མྱོང་བའི་བློ་མཐུན་རྒན་གྲས་དང་བོད་ཞི་བས་བཅིངས་འགྲོལ་གཏོང་ཕྱིར་ལེགས་སྐྱེས་འབུལ་མཁན་གྱི་ནང་མིའི་འཐུས་མིར་འཚམས་འདྲི་གནང་བས་ང་ཚོས་དྲོ་སྐྱིད་དང་བདེ་སྐྱིད་ཚད་མེད་ཚོར་བྱུང་། ང་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་གཟི་བརྗིད་ལྡན་པའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་མ་ཉམས་པར་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཚེས་18ཉིན་གྱི་སྔ་དྲོ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་22པེ་ཅིང་ནས་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ལྷ་སར་ཕེབས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་པ་རེད། འཐུས་མི་ཚོགས་པའི་ཁོངས་མིའི་ནང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་དམག་དཔུང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་སོགས་ཡོད་པ་རེད།
     ཀྲང་ཞུའེ་ཅེ་དང་། ཝང་ཁའེ། བསྟན་ཁོ། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི། དབང་ཧའེ་ཀྲོའུ་སོགས་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་བློ་མཐུན་གནམ་ཐང་དུ་ཕེབས་བསུར་བཅར་བའམ་ཡང་ན་གོང་གསལ་གྱི་མཛད་སྒོར་ཞུགས་པ་རེད།

  
style="display:none;"