མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་27ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་འདི་ལོ་ཚུན་ཀྲུང་ཨུ་གཉིས་པོས《ཀྲུང་ཨུ་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བ་དེ་འགོ་འཛུགས་ས་གསར་པར་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་དང་ཕྱོགས་ཡོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གསར་པ་རབ་དང་རིམ་པ་ཐོབ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་སོ་སོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་པ་མ་ཟད། ད་དུང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཐུན་སྒྲིལ་གྱིས་ཐུན་མོང་ཐོག་དུས་ངལ་མཉམ་སེལ་བྱ་ཆེད་ནུས་པ་གལ་ཆེན་བཏོན་ཡོད། ཕྱོགས་གཉིས་པོས་མཉམ་ལས་ཀྱི་བྱ་ཐབས་གསར་པ་བཏོད་དེ་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་བཏང་ནས་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་བརྩོན་ལེན་བྱེད་དགོས།
     མིག་སྔར་ཏོག་གསར་གློ་ཚད་རིམས་ནད་ཡམ་ཡོམ་ཆེ་བ་དང་རྒྱལ་སྤྱིའི་རིམས་འགོག་ལས་འགན་ལྕི་པོ་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱེད་པའི་མཉམ་ལས་ཟབ་ཏུ་བཏང་ནས་རིམས་འགོག་སྨན་ཁབ་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འབྲེལ་ཐག་བདེ་འཇགས་དང་བརྟན་པོ་ཡོང་བའི་འགན་ལེན་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་པོ་བདེ་ཐང་སྲུང་སྐྱོང་བྱས་ཏེ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་གཏོད་པར་ཀྲུང་ཨུའི་སྟོབས་ཤུཌ་སྐྱེས་སུ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ལྷམ་རྐང་པར་བདེ་པོ་ཡོད་མེད་ལྷམ་གྱོན་མཁན་གྱིས་མ་གཏོགས་མི་ཤེས། ལམ་ལུགས་གང་འདྲ་ཞིག་ཀྲུང་ཨུར་སྤྱོད་གོ་ཆོད་མིན་ཐད་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྐད་ཆ་ཤོད་དབང་ཆེ་ཤོས་ཡོད། དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཡིན་པའི་ཀྲུང་ཨུས་ཐེ་ཇུས་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ཟབ་ཏུ་བཏང་སྟེ། རང་སོ་སོའི་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་རང་ཉིད་ཀྱི་ལག་ཏུ་སྟངས་འཛིན་ནན་པོ་བྱེད་དགོས། ཨུ་རུ་སུས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་པ་དང་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་བྱེད་པར་སྤྱོད་པའི་བྱེད་ཐབས་ལ་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་འདི་ལོ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་20འཁོར་བ་གོ་སྐབས་སུ་བྱས་ཏེ། ཁོངས་མིའི་རྒྱལ་ཁབ་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁུལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཕྱོགས་གཉིས་པོས་ཨ་ཧྥུ་ཀ་ནི་སི་ཐན་གྱི་གནས་བབ་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་བྱེད་པ་དང་ཨ་ཧྥུ་ཀ་ནི་སི་ཐན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་ཏེ། སྔ་ཕྱི་བར་གསུམ་དུ་ཆབ་སྲིད་ཐོག་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཕྱོགས་ཁག་དང་མཉམ་དུ་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཨ་ཧྥུ་ཀ་ནི་སི་ཐན་གྱི་ཤོག་ཁག་ཁག་གིས་སྒོ་དབྱེ་ཁོང་ཡངས་ཀྱི་ཆབ་སྲིད་སྒྲོམ་གཞི་འཛུགས་པའི་གྲོས་མོལ་བྱེད་པ་དང་། ཞི་འཇམ་དང་བརྟན་འཁྱོངས་ཀྱི་ནང་ངོས་དང་ཕྱི་ཕྱོགས་ཀྱི་སྲིད་ཇུས་ལག་ལེན་བསྟར་ནས། རིགས་ཁག་གི་འཇིགས་སྐུལ་ཚོགས་པ་དང་རྦད་དེ་འབྲེལ་བ་བཅད་དེ་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ལྷག་པར་དུ་ཉེ་འཁོར་གྱི་རྒྱལ་ཁབ་དང་མཛའ་གྲོགས་མཉམ་གནས་ཡོང་བར་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
     ཕུའུ་ཅིང་གིས་ཨུ་རུ་སུ་ཕྱོགས་ཀྱིས་ཨུ་ཀྲུང་འབྲེལ་བའི་འཕེལ་རྒྱས་ལ་ཡི་རངས་བྱེད་ཀྱི་ཡོད། འདི་ལོ་ནི《ཨུ་ཀྲུང་འཆམ་མཐུན་ཁྱིམ་མཚེས་དབར་གྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་20འཁོར་བའི་ལོ་ཡིན་པས། ཨུ་ཀྲུང་འབྲེལ་བའི་ངོས་ནས་བརྗོད་ན་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད། ལོ་76གོང་ཨུ་ཀྲུང་གིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་མི་རིགས་ཀྱི་བློས་གཏོང་ཆེན་པོ་བྱས་པ་དང་རྒྱལ་ཕམ་ཐག་གཅོད་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད། མིག་སྔའི་དུས་བབ་འོག ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་ཟབ་ཏུ་གཏོང་བ་དང་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་སྲུང་སྐྱོབ་བྱས་ནས་ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་སྲུང་སྐྱོང་བྱེད་དགོས། ཨུ་རུ་སུ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཐའེ་དབན་དང་། ཤང་ཀང་། ཤིན་ཅང་དང་ལྷོ་རྒྱ་མཚོ་སོགས་དང་འབྲེལ་བའི་གནད་དོན་ཐད་རང་ངོས་ཀྱི་ལྟེ་བའི་ཁེ་ཕན་སྲུང་བའི་ཡང་དག་པའི་ལངས་ཕྱོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ། ཕྱི་རོལ་གྱི་ཕྱོགས་གཏོགས་གང་ཞིག་གིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ། ཏོག་གསར་ནད་དུག་ཁུངས་འདེད་ཆབ་སྲིད་ཅན་ལ་འགྱུར་རྒྱུར་ངོ་རྒོལ་བཅས་བྱས་ནས་ཀྲུང་གོ་ཕྱོགས་དང་མུ་མཐུད་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ་དང་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"