མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁུ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི—ཁ་ནེར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་01ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི·ཁ་ནེར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཏི་ཡ་སི·ཁ་ནེར་གྱིས་བློ་མཐུན་ལའོ་ཨར·ཁ་སི་ཐེ་ལུའོ་ཡིས་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་བ་དང་འབྲེལ་ཉེ་དུས་ཁུ་པའི་རྒྱལ་ནང་གི་དུས་བབ་སྐོར་ཡང་གསུངས་པ་རེད། ཞི་ཅིན་ཕིང་གིས་ཏི་ཡ་སི·ཁ་ནེར་ལ་བློ་མཐུན་ལའོ་ཨར་ལ་མཛའ་བརྩེའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཁུ་པ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཁུ་པའི་བློ་མཐུན་ཚོས་བཙན་དབང་ལ་མི་སྐྲག་པ་དང་འཐབ་རྩོད་ལ་དཔའ་མི་ཞུམ་པར་གསར་བརྗེའི་གྲུབ་འབྲས་སྲུང་སྐྱོང་ནུས་ལྡན་བྱས་ཡོད། ལོ་རྒྱུས་ཐོག་ནས་བལྟས་ན། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རྟག་པར་ལམ་ལྷོངས་ཡོང་བ་ཞིག་མིན། གུང་ཁྲན་ཏང་མིས་ཐོག་མཐའ་བར་གསུམ་དུ་འཐབ་རྩོད་ཁྲོད་འཚོ་གནས་ཐུབ་ཐབས་དང་། འཕེལ་རྒྱས་ཡོང་ཐབས། རྒྱལ་ཁ་ཐོབ་ཐབས་བཅས་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཁག་གིས་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོ་ལམ་རང་རྟེན་གདམ་ག་བྱེད་པའི་དབང་ཆར་བརྩི་འཇོག་དང་། རྒྱལ་ཁབ་གཞན་ལ་ཕྱོགས་རྐྱང་པའི་བཀག་སྡོམ་བྱེད་པར་ངོ་རྒོལ། ཕྱི་རོལ་ཕྱོགས་གཏོགས་ཀྱིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བཅས་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་ཁུ་པས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་དར་རྒྱས་དང་རྒྱུན་མཐུད་ཆོག་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཁུ་པར་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་དང་བཙན་དབང་གི་ཐེ་ཇུས་ལ་ངོ་རྒོལ་བྱེད་པའི་དྲང་བདེན་འཐབ་རྩོད་ལའང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཁུ་པ་ཕྱོགས་ལ་རིམས་ནད་ལ་འགོག་རྒོལ་དང་དམངས་འཚོ་ལེགས་སུ་གཏོང་རྒྱུར་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཁུ་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་འཕེལ་རྒྱས་གསར་པ་ཡོང་རྒྱུར་ཡིད་ཆེས་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་སྐབས་རིམ་བྱུང་གི་འགོ་ཁྲིད་པས་སྐྱེད་སྲིང་ཞིབ་ཚགས་དང་སྐུལ་འདེད་ཤུགས་ཆེན་བཏང་བར་བརྟེན་ཀྲུང་གོ་དང་ཁུ་པའི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་མིག་དཔེར་གྱུར་ཡོད། དུས་བབ་ལ་འགྱུར་ལྡོག་གང་འདྲ་ཞིག་བྱུང་རུང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཁུ་པའི་དབར་གྱི་ཡུན་རིང་མཛའ་གྲོགས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱ་རྒྱུར་འགྱུར་ལྡོག་ཡོང་མི་སྲིད་ལ། ཀྲུང་གོ་དང་ཁུ་པའི་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་འདོད་འདུན་ཡང་འགྱུར་མི་སྲིད། ཁུ་པ་ཕྱོགས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་གྲོགས་པ་དང་། ཐུན་མོང་འཕེལ་རྒྱས་ཀྱི་རོགས་ཟླ་ཡག་པོ། ལག་གདང་སྦྲེལ་ནས་རིམས་འགོག་བྱེད་པའི་མིག་དཔེ་ཡག་པོ། འཐབ་ཇུས་མཉམ་ལས་ཀྱི་འཐབ་གྲོགས་ཡག་པོ་བཅས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་མཐོ་རིམ་འགྲོ་འོང་ཟབ་ཏུ་གཏོང་བ་དང་། ཏང་སྐྱོང་རྒྱལ་སྐྱོང་གི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ། རིམས་འགོག་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་ཁུ་པའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་རྒྱལ་སྤྱི་དང་ཕྱོགས་མང་གི་གནས་བབ་ཐོག་འཐབ་ཇུས་མཉམ་ལས་དམ་ཟབ་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་རྒྱལ་སྤྱིའི་ཐོག་ཁུ་པའི་ཆེད་དུ་གཞུང་དྲང་གི་སྐད་ཆ་ཤོད་རོགས་དང་གཞུང་དྲང་གི་བྱ་བ་བསྒྲུབ་རོགས་བྱ་རྒྱུ་ཡིན།
     ཏི་ཡ་སི·ཁ་ནེར་གྱིས། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཁུ་པར་རྩ་ཆེའི་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེའི་ནང་ཁུ་པ་ཕྱོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་རིམས་འགོག་དངོས་ཟོག་མཁོ་འདོན་བྱས་པ་དེ་ཐོག་ནས་ཁུ་པ་དང་ཀྲུང་གོའི་དབར་གྱི་གཅེན་གཅུང་ལྟ་བུའི་མཛའ་གྲོགས་མཚོན་ཡོད། ཁུ་པས་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་ཀྲུང་གོ་ཕྱོགས་དང་མཉམ་དུ་ཏང་དབར་གྱི་འགྲོ་འོང་སྤེལ་རེས་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དང་ཁུ་ཀྲུང་འབྲེལ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད། ཁུ་པ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ཟབ་ཏུ་བཏང་ནས་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ཐུན་མོང་ཐོག་ངོ་རྒོལ་དང་རིམས་ནད་ཆབ་སྲིད་ཅན་དང་མིང་ཆད་ངན་པ་བཟོ་བར་ངོ་རྒོལ་བྱེད་འདོད་ཡོད། ཁུ་པ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱས་ཏེ་ཐའེ་དབན་དང་ཤིན་ཅང་སོགས་དང་འབྲེལ་བ་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་མུ་མཐུད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཁུ་པ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་དང་ཀྲུང་གོའི་དབར་གྱི་འབྲེལ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"