མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨེ་ཁྭ་ཏོར་གྱི་ཙུང་ཐུང་ལཱ་སུའོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་01ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་30ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་8ཚེས་30ཉིན་ཨེ་ཁྭ་ཏོར་གྱི་ཙུང་ཐུང་ལཱ་སུའོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཀྲུང་གོ་དང་ཨེ་ཁྭ་ཏོར་ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་དང་ཕྱར་བ་གྲུ་འདེགས་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཟབ་མོ་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་དུས་རབས་ཀྱི་རིམས་ནད་སྣོལ་འདྲེས་ཀྱི་རྙོག་འཛིང་ཆེ་བའི་གནས་བབ་ཀྱི་མདུན་དུ། ཀྲུང་གོ་དང་ཨེ་ཁྭ་ཏོར་གཉིས་པོས་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླ་ཡིན་པའི་ངོས་ནས། འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཕན་གྱི་ཟུར་ཚད་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་དགོས་པ་དང་། མུ་མཐུད་ཕན་ཚུན་རྒྱབ་སྐྱོར་དང་མཐུན་སྦྱོར་མཉམ་ལས་བྱས་ནས། ཀྲུང་གོ་དང་ཨེ་ཁྭ་ཏོར་གྱི་སྲོལ་རྒྱུན་མཛའ་གྲོགས་ནམ་ཡང་གནས་པ་བྱས་ཏེ། ཀྲུང་གོ་དང་ཨེ་ཁྭ་ཏོར་གྱི་འབྲེལ་བ་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་མིག་དཔེར་འགྱུར་བ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་ཕྱོགས་ལ་རིམས་ནད་འགོག་བཅོས་ཐད་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད་ལ། ཨེ་ཁྭ་ཏོར་དང་མཉམ་དུ་རྣམ་པ་སྣ་མང་གི་རིམས་འགོག་དང་རིམས་འགོག་སྨན་ཁབ་ཀྱི་མཉམ་ལས་ཀྱང་བྱེད་འདོད་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག ཀྲུང་གོ་དང་ཨེ་ཁྭ་ཏོར་གྱི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཨེ་ཁྭ་ཏོར་ནི་ཀྲུང་གོ་ཕྱོགས་ཀྱི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་པོས་རྨང་གཞིའི་སྒྲིག་བཀོད་དང་། ནུས་ཁུངས་གཏེར་ཐོན། དངུལ་རྩ་སོགས་སྲོལ་རྒྱུན་གྱི་ཁྱབ་ཁོངས་ནང་མཉམ་ལས་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དུས་མཚམས་གསར་པར་སླེབས་ཡོད་པས་དེ་བས་སྒོ་དབྱེ་དང་དེ་བས་གསོན་ཤུགས་ལྡན་པ་ཞིག་ཡོད། དེས་ཨེ་ཁྭ་ཏོར་སོགས་རྒྱལ་ཁབ་ལ་གོ་སྐབས་གསར་པ་སྦྱིན་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་ནས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། བདེ་ཐང་དང་། གྲངས་འཛིན། ལྗང་མདོག་དར་གོས་ལམ་བུ་ལ་སོགས་པའི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་པ། དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་སྐྲུན་པ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་ཕྱོགས་དང་ཕྱོགས་མང་ལས་དོན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     ལཱ་སུའོ་ཡིས། ངས་ཨེ་ཁྭ་ཏོར་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་སླར་ཡང་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་འགོ་ཁྲིད་དེ་དབུལ་པོའི་གནས་ལས་ཐར་བ་དང་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པ་སོགས་ཀྱི་ཐད་རླབས་ཆེན་གྱི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མཁོ་འདོན་བྱས་པའི་རིམས་འགོག་སྨན་ཁབ་ཀྱིས་ཨེ་ཁྭ་ཏོར་ཕྱོགས་ཀྱི་རིམས་ནད་འགོག་བཅོས་ཐད་རྒྱབ་སྐྱོར་གལ་ཆེན་ཐོབ་ཡོད་པས། ཨེ་ཁྭ་ཏོར་མི་དམངས་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ནམ་ཡང་བརྗེད་མི་སྲིད། ཨེ་ཁྭ་ཏོར་ཕྱོགས་ཀྱིས་རིམས་ནད་ཆབ་སྲིད་ཅན་དང་མིང་ཆད་ངན་པ་བཟོ་རྒྱུར་ངོ་རྒོལ་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་འགོག་སྨན་ཁབ་ཀྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཨེ་ཁྭ་ཏོར་ཕྱོགས་ཀྱིས་ཀྲུང་གོ་འདི་ཉིད་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླ་གལ་ཆེ་ཤོས་སུ་བརྩི་ཡི་ཡོད་པས། ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཨེར་ཁྭ་ཏོར་དུ་མ་འཇོག་མཉམ་ལས་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"