མི་དམངས་དྲ་བ།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་02ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

    《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ། 《ཏང་གི་རླབས་ཆེན་སྙིང་སྟོབས་ནི་ནམ་ཡང་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཡིན》
      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་17པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཏང་གི་རླབས་ཆེན་སྙིང་སྟོབས་ནི་ནམ་ཡང་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཡིན》ཞེས་པ་བཀོད་ཡོད།
     གསུང་རྩོམ་ནང་ནན་བཤད་བྱས་དོན། མི་ལ་སྙིང་སྟོབས་མེད་ན་འཚོ་མི་ཐུབ་པ་དང་རྒྱལ་ཁབ་ལ་སྙིང་སྟོབས་མེད་ན་སྟོབས་ཆེན་དུ་གྱུར་མི་སྲིད། སྙིང་སྟོབས་ཐོག་ལངས་ཐུབ་པ་དང་བརྟན་པོར་གནས་ཐུབ་ན། མི་རིགས་ཤིག་ད་གཟོད་ལོ་རྒྱུས་ཀྱི་ཆུ་རྒྱུན་དྲག་པོའི་ཁྲོད་དུ་འགྱིང་ངེར་གནས་ཐུབ་པ་དང་། རྦ་རླབས་ཁྲོད་མདུན་སྐྱོད་བྱེད་ཐུབ། རང་རེའི་ཏང་གིས་ལོ་ངོ་བརྒྱ་བརྒྱུད་པས་གཟི་དཔལ་རྒྱས་སྒང་ཡིན་པ་དང་། དཀའ་སྡུག་ཚད་མེད་མྱངས་ཀྱང་མི་ཉམས་གོང་འཕེལ་བྱུང་བ་ནི་གསར་བརྗེ་དང་རང་སྲོག་བློས་གཏོང་གི་སྙིང་སྟོབས་ཆེན་པོར་བརྟེན་ནས་བྱུང་བ་ཞིག་རེད། དཀའ་ངལ་དང་འཐབ་རྩོད་བྱ་རྒྱུ་ནི་དངོས་པོའི་སྟོབས་ཤུགས་ཤིག་ཡིན་ལ་བསམ་པའི་བཙན་རྫོང་ཞིག་ཀྱང་ཡིན།
     གསུང་རྩོམ་ནང་བསྟན་དོན། ལོ་བརྒྱའི་གོང་ཀྲུང་གོ་གུང་ཁྲན་ཏང་གི་སྔོན་བྱོན་པ་ཚོས་ཀྲུང་གོ་གུང་ཁྲན་ཏང་བཏོད་དེ་བདེན་དོན་མཐའ་འཁྱོངས་དང་། ཕུགས་བསམ་བརྟན་སྲུང་། ཐོག་མའི་བསམ་འདུན་ལག་བསྟར། འགན་འཁྲི་འཁུར་ཕོད་པ། རང་སྲོག་བློས་གཏོང་བར་མི་སྐྲག་པ། དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པ། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ། མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ་བཅས་ཀྱི་རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་གྲུབ་པ་དང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་ཀྱི་འབྱུང་རྩ་ཡིན། ལོ་བརྒྱའི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དར་སྤེལ་བཏང་ནས་ཅིང་ཀང་ཧྲན་རི་བོའི་སྙིང་སྟོབས་དང་། རྒྱང་སྐྱོད་ཀྱི་སྙིང་སྟོབས། ཙུན་དབྱིའི་ཚོགས་འདུའི་སྙིང་སྟོབས། ཡན་ཨན་གྱི་སྙིང་སྟོབས། ཤིས་པའེ་ཕོ་ཡི་སྙིང་སྟོབས། ཧུང་ཡན་གྱི་སྙིང་སྟོབས། ཨ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས། དམིགས་བསལ་ཁུལ་གྱི་སྙིང་སྟོབས། ཆུ་ལོག་འགོག་པའི་སྙིང་སྟོབས། ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས། རིམས་འགོག་སྙིང་སྟོབས་སོགས་རླབས་ཆེན་གྱི་སྙིང་སྟོབས་བཅས་ལས་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་མ་ལག་ཅིག་བཏོད་ཡོད། རྩ་ཆེའི་སྙིང་སྟོབས་ཀྱི་རྒྱུ་ནོར་དེ་དག་ཡུལ་དུས་ལས་བརྒལ་བ་དང་ལོ་རྒྱུས་ཡུན་རིང་ལྡན་པ་དེ་ཐོག་ནས་ཏང་གི་དད་སེམས་བརྟན་པོ་དང་། རྩ་བའི་དམིགས་ཡུལ། སྤྱོད་ཚུལ་བཟང་པོ་བཅས་གཅིག་སྡུད་ཐོག་མཚོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་མིས་དཀའ་སྤྱད་འབད་འཐབ་དང་། རང་སྲོག་བློས་གཏོང་དང་ལེགས་སྐྱེས་འབུལ་བ། གསར་འབྱེད་ཡར་བརྩོན་བཅས་བྱེད་པའི་རླབས་ཆེན་གཤིས་རྒྱུད་གཅིག་ཏུ་འདུས་པ། རང་རེའི་ཏང་དང་། རྒྱལ་ཁབ། མི་རིགས། མི་དམངས་བཅས་ཀྱི་ཁྲག་རྒྱུན་ཁྲོད་གཏིང་ཟབ་འདྲེས་ནས་ང་ཚོས་ཏང་འཛུགས་སྐྱོང་བྱེད་པ་དང་། ཏང་དར་རྒྱས་གཏོང་བ། ཏང་སྟོབས་ཆེར་གཏོང་བ་བཅས་ལ་ནང་དོན་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས་ཡོད།
     རྩོམ་ཡིག་ནང་བསྟན་དོན། ཚེ་སྲོག་ལ་ཚད་ཡོད་པ་དང་དཔའ་བོ་དཔེ་བཟང་མི་སྣ་མང་པོའི་བླ་ན་མེད་པའི་སྙིང་སྟོབས་གྲུབ་པའི་བརྒྱུད་རིམ་ཡང་ཚད་ཡོད་པ་ཞིག་ཡིན་མོད། འོན་ཀྱང་དེ་དག་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་ཆགས་ནས་ནམ་ཡང་འགྱུར་བ་མེད། མི་རིགས་གང་ཞིག་ཡིན་རུང་སྙིང་སྟོབས་འདི་འདྲ་ཞིག་གིས་སོ་སོའི་བསམ་བློའི་སྟོབས་ཤུགས་ཆེན་པོ་འགྲུབ་པར་བྱེད་དགོས་པ་དང་། སྙིང་སྟོབས་དེ་རིགས་དུས་རབས་འཕེལ་རྒྱས་གང་འདྲ་ཞིག་ཕྱིན་རུང་དུས་ཚོད་ཡོལ་མི་སྲིད།
     གསུང་རྩོམ་ནང་བསྟན་དོན། རླབས་ཆེན་བྱ་གཞག་གིས་རླབས་ཆེན་གྱི་སྙིང་སྟོབས་སྐྱེད་སྲིང་དང་རླབས་ཆེན་གྱི་སྙིང་སྟོབས་ཀྱིས་རླབས་ཆེན་བྱ་གཞག་ལ་ཁྲིད་སྟོན་བྱེད་ཀྱི་ཡོད། ཏང་གི་རླབས་ཆེན་སྙིང་སྟོབས་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ནི་ང་ཚོའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་དང་། ང་ཚོར་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་མ་གཏོང་བའི་སྙིང་སྟོབས་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཀྱང་ཡིན། ད་ཆ་ཀྲུང་གོ་འདི་ཉིད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མི་རིགས་བསྐྱར་དར་ཡོང་བར་དངོས་པོའི་དཔལ་ཡོན་གསོག་འཇོག་བྱེད་དགོས་ལ། བསམ་པའི་དཔལ་ཡོན་རྒྱས་པ་དེ་བས་ཀྱང་བྱེད་དགོས་པས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ལོ་བརྒྱའི་འབད་འཐབ་ཁྲོད་གྲུབ་པའི་ཏང་གི་རླབས་ཆེན་སྙིང་སྟོབས་ལ་བརྟེན་ནས་རང་ཉིད་གསོ་སྐྱོང་དང་རང་ཉིད་ལ་སྐུལ་ལྕག་བྱས་ཏེ། མདུན་སྐྱོད་ཀྱི་བགྲོད་ལམ་ཐོག་གི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རྒྱལ་ཁ་གསར་པ་དེ་བས་ཆེ་བ་ཟམ་མི་ཆད་པར་ལེན་དགོས།

  
style="display:none;"