མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕྱི་རྒྱལ་ལ་ཤ་མོའི་སོན་རྩྭའི་ལག་རྩལ་རོགས་སྐྱོར་བྱས་ནས་ལོ་ངོ་20འཁོར་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་04ཉིན། 21:03】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་ལ་ཤ་མོའི་སོན་རྩྭའི་ལག་རྩལ་རོགས་སྐྱོར་བྱས་ནས་ལོ་ངོ་20འཁོར་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     ཞི་ཅིན་ཕིང་གིས་ཤ་མོའི་སོན་རྩྭའི་ལག་རྩལ་ནི“སོན་རྩྭས་ཤིང་གི་ཚབ་བྱས་ནས”འཕེལ་རྒྱས་བྱུང་བའི་ཀྲུང་གོ་ཁོ་ནར་ཡོད་པའི་ལག་རྩལ་ཞིག་ཡིན། དེས་འོད་ཤུགས་དང་། ཚ་ནུས། ཆུ་བཅས་ཀྱི་ཞིང་ལས་ཐོན་ཁུངས་ཆེན་པོ་གསུམ་ཕྱོགས་བསྡུས་དང་སྤྱོད་གོ་ཆེ་བའི་སྒོ་ནས་སྤྱོད་རྒྱུ་མངོན་འགྱུར་ཐུབ་པ་དང་། རྩི་ཤིང་དང་། སྲོག་ཆགས། ཤ་མོའི་སོན་རྩྭ་རིགས་བཅས་འཁོར་སྐྱོད་ཐོན་སྐྱེད་མངོན་འགྱུར་ཐུབ་པ། དཔལ་འབྱོར་དང་། སྤྱི་ཚོགས། ཁོར་ཡུག་བཅས་ཀྱི་ཕན་འབྲས་ཆེན་པོ་གསུམ་ཟུང་འབྲེལ་གྱིས་སྐྱེ་ཁམས་དང་། འབྲུ་རིགས། ནུས་རྒྱུ་བཅས་ཀྱི་བདེ་འཇགས་ལ་ཕན་ཐོགས་ཡོད། ངས་ཡུན་རིང་ཤ་མོའི་སོན་རྩྭ་ལག་རྩལ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་དོ་ཁུར་བྱས་པ་ཡིན། 2001ལོར་ཀྲུང་གོས་ཕྱི་རྒྱལ་ལ་ཤ་མོའི་སོན་རྩྭའི་ལག་རྩལ་རོགས་སྐྱོར་གྱི་དཔེ་སྟོན་རྟེན་གཞི་ཐོག་མ་ཕ་ཕུ་ཡ་ཀུའེ་ནེ་ཡར་བཙུགས་པ་དང་། ད་བར་ལག་རྩལ་འདི་གོ་ལ་ཧྲིལ་པོའི་རྒྱལ་ཁབ་བརྒྱ་ལྷག་ཙམ་ལ་ཁྱབ་གདལ་བཏང་ཡོད། མཉམ་ལས་ཀྱིས་དབུལ་ཕོངས་སེལ་བ་དང་། ལས་ཞུགས་ལ་སྐུལ་འདེད་གཏོང་བ། བསྐྱར་སྐྱེའི་ཐོན་ཁུངས་བེད་སྤྱོད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཀྱི་འཕེལ་རྒྱས་དམིགས་ཚད་ལ་དམ་པོར་དམིགས་ནས། ས་གནས་དེ་གའི་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་རྩར་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་ཞིག་གི་དགའ་བསུ་ཐོབ་ཡོད་ཅེས་གསུངས་ཡོད།
     ཞི་ཅིན་ཕིང་གིས་ཀྲུང་གོས་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་མུ་མཐུད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ལ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་ནས། ཤ་མོའི་སོན་རྩྭ་ལག་རྩལ་འདི་ཉིད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱ་ཆེའི་མི་དམངས་ཀྱི“བདེ་སྐྱིད་ཀྱི་སོན་རྩྭ”རུ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     དེ་ཉིན་ཕྱི་རྒྱལ་ལ་ཤ་མོའི་སོན་རྩྭའི་ལག་རྩལ་རོགས་སྐྱོར་བྱས་ནས་ལོ་ངོ་20འཁོར་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་པེ་ཅིང་དུ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་འཚོགས་པ་དང་། རྒྱལ་སྤྱིའི་འཕེལ་རྒྱས་གླེང་སྟེགས་ཧྲུའུ་དང་ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཉེར་བ་རེད།

  
style="display:none;"