མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་འཛམ་གླིང་རང་བྱུང་སྲུང་སྐྱོང་ཚོགས་ཆེན་སྐབས་བདུན་པའི་འགོ་ཚུགས་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་06ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 ཟླ་9ཚེས་3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བརྙན་ལམ་བརྒྱུད་འཛམ་གླིང་རང་བྱུང་སྲུང་སྐྱོང་ཚོགས་ཆེན་སྐབས་བདུན་པའི་འགོ་ཚུགས་མཛད་སྒོར་ཞུགས་ནས་གསུང་བཤད་གནང་བ།

 ཟླ་9ཚེས་3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བརྙན་ལམ་བརྒྱུད་འཛམ་གླིང་རང་བྱུང་སྲུང་སྐྱོང་ཚོགས་ཆེན་སྐབས་བདུན་པའི་འགོ་ཚུགས་མཛད་སྒོར་ཞུགས་ནས་གསུང་བཤད་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བརྙན་ལམ་བརྒྱུད་དེ་འཛམ་གླིང་རང་བྱུང་སྲུང་སྐྱོང་ཚོགས་ཆེན་སྐབས་བདུན་པའི་འགོ་ཚུགས་མཛད་སྒོར་ཞུགས་ནས་གསུང་བཤད་གནང་བ་རེད།
     ལི་ཁེ་ཆང་གིས། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཁྲོད་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འདུ་ཤེས་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་སྲིད་གཞུང་གིས་རང་བྱུང་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། འདི་ལོའི་ཟླ་4པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས“འགོ་ཁྲིད་མི་སྣའི་གནམ་གཤིས་དབུ་ཚོགས”ཐོག་མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་དགོས་ཞེས་གསུངས་ཡོད། མི་འབོར་དུང་ཕྱུར་14ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ནང་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བཅས་བྱས་ནས། སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་འཕེལ་རྒྱས་ཁྲོད་སྲུང་སྐྱོང་དང་སྲུང་སྐྱོང་ཁྲོད་འཕེལ་རྒྱས་བཏང་ཡོད། གོ་ལ་ཧྲིལ་པོའི་རང་བྱུང་ཁོར་ཡུག་བཅོས་སྐྱོང་ཐད་སྔར་བྱུང་མྱོང་མེད་པའི་འགྲན་སློང་འཕྲད་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ན་མེད་པའི་ཆོད་སེམས་དང་བྱ་སྤྱོད་ཐོག་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
     ལི་ཁེ་ཆང་གིས། ང་ཚོ་འཚོ་བ་སྐྱེལ་སའི་སའི་གོ་ལ་ནི་སྐྱེ་ཁམས་མ་ལག་ཅིག་རེད། རང་བྱུང་སྐྱེ་ཁམས་ཀྱི་རྒྱུ་རྐྱེན་གཙོ་བོ་ཁག་ལ་ཕྱོགས་བསྡུས་ཐོག་བསམ་བློ་གཏོང་བ་དང་། རྒྱ་མཚོ་དང་། ནགས་ཚལ། རྩྭ་ཐང་། འདམ་ར་སོགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། སྐྱེ་ཁམས་མ་ལག་གི་སྐྱེ་སྟོབས་སླར་གསོ་ཡོང་བར་བྱེད་དགོས། སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ཁུལ་དང་སྐྱེ་ཁམས་བར་ཁྱམས་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་དྲ་བ་བསྐྲུན་དགོས་ཞེས་གསུངས་པ་རེད།
     ལི་ཁེ་ཆང་གིས། རིམས་ནད་རྗེས་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་རྒྱུ་དེ་ནི་མིའི་རིགས་འཕེལ་རྒྱས་ཐད་ངེས་པར་དུ་སྒྲུབ་དགོས་པ་ཞིག་ཡིན་པས་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་དགོས། “རང་བྱུང་ལ་བརྟེན་པའི་ཐག་གཅོད་ཇུས་གཞི”སྤྱད་དེ་ལྗང་མདོག་དངུལ་རྩ་འཕེལ་རྒྱས་གཏོང་བ་དང་། ལྗང་མདོག་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་གཏོང་བ། འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་གཏོང་བ། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ལྗང་མདོག་གི་འཚོ་བ་སྐྱེལ་སྟངས་སྐྱེད་སྲིང་དང་། ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་ལ་ཁྱོན་ཡོངས་ནས་སྐུལ་འདེད། ཧུར་བསྲི་གྲོན་ཆུང་གི་འཛད་སྤྱོད་ལྟ་བ་དར་སྤེལ་བཅས་བྱས་ཏེ་ལྗང་མདོག་ཐཱན་ཉུང་ལས་མིའི་རིགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཡུན་རིང་གི་སྒུལ་ཤུགས་བསྣན་དགོས་ཞེས་ནན་བཤད་གནང་བ་རེད།
     ལི་ཁེ་ཆང་གིས། གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་སྔར་བས་འཐུས་ཚང་དུ་གཏོང་བར་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས། དྲང་གཞག་ལུགས་མཐུན་དང་མཉམ་ལས་གཉིས་ཕན་གྱི་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། སྐྱེ་ཁམས་བཅོས་སྐྱོང་སྒྲིག་སྲོལ་གཏན་འབེབས་བྱེད་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐབས་ལམ་གཙོ་བོའི་ནུས་པ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་སོ་སོའི“མཐུན་ཆ་ཆེ་ཤོས”འཚོལ་དགོས། རྒྱལ་ཁབ་ཆེན་པོས་འགན་འཁྲི་འཁུར་ཕོད་པ་བྱས་ནས་དྲང་ཕྱོགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་གསུངས་པ་རེད།
     ལི་ཁེ་ཆང་གིས། ཀྲུང་གོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ལྗང་མདོག་ཕྱོགས་སྒྱུར་ཡོང་བ་བྱེད་ཀྱི་ཡོད། ཀྲུང་གོའི་ནགས་ཚལ་ཁྱབ་ཚད་དང་གསོག་ཚད་གཉིས་ཀ་ལོ་30བསྟུད་མར་འཕར་ནས་སྐམ་སའི་སྐྱེ་ཁམས་མ་ལག་གི་རིགས་དང་གཙོ་གནད་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུར་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། ཉེ་དུས་ཀྲུང་གོའི་ཡུན་ནན་གྱི་གླང་ཆེན་ཁྱུ་གནས་སྤོ་བར་དོ་ཁུར་རྒྱ་ཁྱབ་ཐོབ་པ་དེ་ཐོག་ནས་ང་ཚོས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་ཁྲོད་རང་བྱུང་ཁམས་ལ་སྲུང་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་པ་མཚོན་ཡོད། ཀྲུང་གོས་གནམ་གཤིས་འགྱུར་ལྡོག་སྐོར་གྱི《ཕ་རི་སིའི་གྲོས་མཐུན》དོན་འཁྱོལ་ཧུར་ཐག་བྱེད་ཀྱི་ཡོད། མི་རིང་བའི་གོང་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ཐཱན་འབུད་གཏོང་དབང་ཆའི་ཉོ་ཚོང་ཁྲོམ་ར་ཀྲུང་གོར་དངོས་སུ་སྤྱོད་འགོ་ཚུགས་པ་རེད། ཀྲུང་གོས་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་རང་བྱུང་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བ་བྱེད་པར་དཀའ་སྤྱད་འབད་བརྩོན་ལྷོད་མེད་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་དྭངས་གཙང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     འཛམ་གླིང་རང་བྱུང་སྲུང་སྐྱོང་ཚོགས་ཆེན་ནི་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་ལོ་བཞིར་ཐེངས་རེ་འཚོགས་པའི་ལམ་སྲོལ་རང་བཞིན་གྱི་ཚོགས་འདུ་ཞིག་ཡིན་པ་དང་གོ་ལ་ཧྲིལ་པོའི་ཁོར་ཡུག་དང་འཕེལ་རྒྱས་ཁྱབ་ཁོངས་སུ་ཤུགས་རྐྱེན་གལ་ཆེན་ལྡན་ཡོད། ད་ཐེངས་ཀྱི་ཚོགས་འདུ་དེ་ཧྥ་རན་སེ་སྲིད་གཞུང་དང་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་བརྗོད་བྱ་གཙོ་བོ་ནི“རང་བྱུང་ཁམས་གཅིག་དང་འབྱུང་འགྱུར་གཅིག”ཅེས་པ་དེ་རེད། ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་། རྒྱལ་ཁབ་མང་པོའི་སྲིད་ཕྱོགས་མི་སྣ་གལ་ཆེན། བཟོ་ཚོང་ལས་རིགས་ཀྱི་འཐུས་མི་སོགས་ཚོགས་འདུར་ཞུགས་པ་རེད།

  
style="display:none;"