མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ལི་ཏེ་ལ་ཅི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་09ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ལི་ཏེ་ལ་ཅི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་དབྱི་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ལོ་རྒྱུས་ཀྱི་རྨང་གཞི་ཟབ་མོ་ལྡན་ཡོད། རྒྱལ་ཁབ་གཉིས་པོས་མཉམ་ལས་ཁྲོད་གཉིས་ཁེ་གཉིས་ཕན་དང་། རིག་གནས་ཐད་ཕན་ཚུན་མྱོང་རོལ། དཀའ་ངལ་འཕྲད་སྐབས་ཕན་ཚུན་རོགས་རམ་བཅས་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་དུས་སྐབས་གསར་པའི་ཀྲུང་དབྱི་རྒྱལ་ཁབ་གཉིས་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་འཕེལ་ཕྱོགས་ཡང་དག་སྟངས་འཛིན་ཡག་པོ་བྱས་ནས། ཕན་ཚུན་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་དབྱིའི་མཛའ་གྲོགས་སྲུང་སྐྱོང་བྱེད་པ། གཉིས་ཁེ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ལམ་ལུགས་མི་འདྲ་བ་དང་རིག་གནས་མི་འདྲ་བའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འབྲེལ་བར་མིག་དཔེ་བསྟན་འདོད་ཡོད། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་སྣེ་ཁྲིད་དུ་བྱས་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་ཕྱི་ལོའི་ཀྲུང་དབྱི་རྒྱལ་ཁབ་གཉིས་པོའི་རིག་གནས་དང་ཡུལ་སྐོར་ལོའི་བྱེད་སྒོ་ཐུན་མོང་ཐོག་ཡག་པོ་གཉེར་དགོས་པ་དང་ལྷག་པར་དུ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་2026ལོའི་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཡག་པོ་གཉེར་རྒྱུར་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། དེ་གོ་སྐབས་སུ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་གངས་འཁྱགས་ལུས་རྩལ་དང་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་དབྱི་ཐ་ལིས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་མཉམ་ལས་དང་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན། མིག་སྔར་འཛམ་གླིང་ཡོངས་ཏོག་གསར་རིམས་ནད་ལ་འགོག་རྒོལ་དང་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་ཡོང་བ་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད། རྒྱལ་ཁབ་ཉི་ཤུ་ཚོགས་པ་དེ་ཉིད་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན་པའི་ངོས་ནས་དོན་དམ་པའི་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་རིམས་ནད་ལ་འགོག་རྒོལ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ། བསྟུན་མཁས་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཐུན་མོང་གི་ངོས་འཛིན་དེ་བས་མང་བ་གཅིག་ཏུ་འགྲིལ་བ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ཁ་ཕྱོགས་ཡང་དག་ལ་སྣེ་ཁྲིད་བྱེད་པ། ཐུན་མོང་གི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དབྱི་ཐ་ལི་ཕྱོགས་ཀྱིས་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་དང་དབྱི་ཐ་ལི་ཕྱོགས་ཀྱིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་རོ་མའི་དབུ་ཚོགས་བདེ་བླག་ངང་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
     ཏེ་ལ་ཅིས་དབྱི་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཡག་པོ་བྱུང་བ་དང་དབྱི་ཐ་ལི་ཕྱོགས་ཀྱིས་དབྱི་ཀྲུང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཐུན་མོང་ཐོག་དབྱི་ཀྲུང་རྒྱལ་ཁབ་གཉིས་པོའི་རིག་གནས་དང་ཡུལ་སྐོར་ལོའི་བྱེད་སྒོ་ཡག་པོ་གཉེར་རྒྱུའི་རེ་བ་ཡོད། དབྱི་ཐ་ལི་ཕྱོགས་ནས་ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་བསྒྲུབ་རྒྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་འབད་བརྩོན་ཧུར་ཐག་དང་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་བྱེད་རྒྱུ་ཡིན། ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་ཐད་ཀྱི་ཀྲུང་གོའི་ཤུགས་རྐྱེན་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་སྤེལ་རེས་དང་མཉམ་ལས་དམ་ཟབ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

  
style="display:none;"