མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་བཅུ་གསུམ་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་11ཉིན། 13:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་9ཚེས་9ཉིན་གྱི་དགོང་མོ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་བཅུ་གསུམ་པ་བརྙན་ལམ་ཐོག་ནས་གནང་ཞིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཞལ་འཛོམས་ནང་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

ཟླ་9ཚེས་9ཉིན་གྱི་དགོང་མོ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་བཅུ་གསུམ་པ་བརྙན་ལམ་ཐོག་ནས་གནང་ཞིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཞལ་འཛོམས་ནང་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གྱི་དགོང་མོ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་བཅུ་གསུམ་པ་བརྙན་ལམ་ཐོག་ནས་གནང་ཞིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཕུའུ་ས། པར་ཙིར་གྱི་ཙུང་ཐུང་པོ་སུའོ་ནཱ་ལུའོ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་བཅས་ཞུགས་པ་དང་རྒྱ་གར་གྱི་ཙུང་ལི་མོ་ཏིས་ཞལ་འཛོམས་གཙོ་སྐྱོང་གནང་བ་རེད།
     ཞི་ཅིན་ཕིང་གིས་འདི་ལོ་ནི་འབོ་གསེར་རྒྱལ་ཁབ་ཕན་ཚུན་མཉམ་ལས་བྱས་ནས་ལོ་15འཁོར་བའི་ལོ་ཞིག་རེད། ལོ་15ཡི་རིང་རྒྱལ་ཁབ་ལྔ་པོས་སྒོ་དབྱེ་བསྟུན་མཁས་དང་ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། འཐབ་ཇུས་འབྲེལ་གཏུག་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཕན་ཚུན་གྱི་སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བརྩི་འཇོག་བྱས་ནས་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་མཉམ་གནས་ལམ་བུ་ཡང་དག་པ་ཞིག་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པ་དང་། དངོས་སྒྲུབ་གསར་གཏོད་དང་མཉམ་ལས་གཉིས་ཁེ་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་སྲིད་ཇུས་སྦྲེལ་མཐུད་དང་། ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་འདོན་སྤེལ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཅས་བཏང་ནས་ཐུན་མོང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་འབད་འབུངས་མདུན་སྐྱོད་བྱས་པ། དྲང་གཞག་དྲང་བདེན་དང་རང་འཕེལ་གཞན་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཞུགས་པ་ལས་རྒྱལ་སྤྱིའི་གར་སྟེགས་ཐོག་སྣང་ཆུང་བྱེད་མི་རུང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། འདི་ལོ་ཤར་ཚུན། རྒྱལ་ཁབ་ལྔ་པོས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ཏེ། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལ་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱ་རྒྱུར་སྐུལ་འདེད་བཏང་བས་ཁྱབ་ཁོངས་མང་པོར་འཕེལ་རྒྱས་གསར་པ་བྱུང་ཡོད། དོན་དངོས་ཀྱི་ཐོག་ནས་དཀའ་ངལ་གང་ཞིག་འཕྲད་རུང་ང་ཚོས་བསམ་བློ་གཏོང་ས་གཅིག་ལ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ལ་བརྒྱབ་ཚེ། འབོ་གསེར་རྒྱལ་ཁབ་དབར་གྱི་མཉམ་ལས་བརྟན་པོ་དང་ཏན་ཏིག་ངང་རྒྱང་རིང་དུ་སྐྱོད་ཐུབ་པའི་ར་འཕྲོད་ཐུབ་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས《ལག་གདང་སྦྲེལ་ནས་འབོ་གསེར་རྒྱལ་ཁབ་དབར་མཉམ་ལས་བྱེད། ཐུན་མོང་ཐོག་འགྲན་སློང་ལ་ཁ་གཏད་གཅོག》ཅེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
     ཞི་ཅིན་ཕིང་གིས་མིག་སྔར་ཏོག་གསར་གློ་ཚད་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་མཆེད་བཞིན་ཡོད་པས། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་པར་དཀའ་ཚེགས་སྣ་ཚོགས་འཕྲད་པ་དང་རྒྱལ་སྤྱིའི་སྒྲིག་ལམ་འགྱུར་ལྡོག་འགྲོ་ཚུལ་གཏིང་ཟབ་ལ་རྙོག་འཛིང་ཆེ་བ་ཞིག་ཡོད། འགྲན་སློང་གི་མདུན་དུ་འབོ་གསེར་རྒྱལ་ཁབ་ཀྱིས་འགན་འཁྲི་འཁུར་ཕོད་པ་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
     —— ང་ཚོས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་སྲོལ་གྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུ་དགོས་པ་དང་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས།
      —— ང་ཚོས་གོ་ལ་ཧྲིལ་པོས་མཉམ་དུ་རིམས་ནད་སྔོན་འགོག་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། ལག་གདང་སྦྲེལ་ནས་རིམས་ནད་ལ་ཁ་གཏད་གཅོག་པ་དང་། ཚན་རིག་དང་མཐུན་པའི་ངང་ནད་དུག་ཁུངས་འདེད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ཅན་དང་མིང་ཆད་ངན་པ་བཟོ་བར་ངོ་རྒོལ་བྱེད་པ། མཉམ་དུ་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ཤིག་ཡིན་པའི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། བགོ་བཤའ་དྲང་གཞག་བཅས་ལ་སྐུལ་འདེད་གཏོང་དགོས།
    —— ང་ཚོས་སྒོ་དབྱེ་གསར་གཏོད་ཀྱིས་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས་ཤིང་། འཛམ་གླིང་གི་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་ཡོང་རྒྱུར་རོགས་སྐྱོར་བྱེད་པ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་རྨང་རྡོར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བྱེད་པ། ཚན་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་རྒྱལ་ཁབ་ཚང་མར་ཐོབ་པ་བཅས་བྱས་ནས། དཔལ་འབྱོར་གོ་ལ་ཅན་དེ་སྔར་ལས་ལྷག་པའི་སྒོ་ནས་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་མཉམ། གཉིས་ཁེ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
     —— ང་ཚོས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཤིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས། 2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཐུན་མོང་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་ལྟར། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པ་དང་། ལྗང་མདོག་ཐཱན་ཉུང་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས་དྭངས་ཤིང་གཙང་ལ་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་སྐྲུན་དགོས།
     ཞི་ཅིན་ཕིང་གིས་མིག་སྔའི་དུས་བབ་འོག ང་ཚོས་ཡིད་ཆེས་བརྟན་པོ་དང་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་འབོ་གསེར་རྒྱལ་ཁབ་དབར་གྱི་དངོས་སྒྲུབ་མཉམ་ལས་སྤུས་ཚད་དེ་བས་མཐོ་བའི་ཕྱོཌ་སུ་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་མ་ཟད། ཞི་ཅིན་ཕིང་གིས་གྲོས་འགོ་ཁག་5བཏོན་གནང་བ་སྟེ།
     གཅིག ཕྱར་བ་གྲུ་འདེགས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་པའི་འཕྲོད་བསྟེན་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། དགོས་ངེས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཐོག་ནས་ཕན་ཚུན་རིམས་འགོག་ཐད་འབད་བརྩོན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་རིམས་ནད་ཀྱི་ཆ་འཕྲིན་མཉམ་སྤྱོད་དང་རིམས་འགོག་ཉམས་མྱོང་སྤེལ་རེས་བྱེད་དགོས། རིམས་འགོག་སྨན་ཁབ་མཉམ་དུ་ཞིབ་འཇུག་གསར་སྤེལ་དང་། མཉམ་ལས་ཐོན་སྐྱེད། ཚད་གཞི་ཕན་ཚུན་ཁས་ལེན་སོགས་ཁྱབ་ཁོངས་སུ་དངོས་སྒྲུབ་མཉམ་ལས་བྱས་ནས་འབོ་གསེར་རྒྱལ་ཁབ་ཀྱི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ལྟེ་གནས་དྲ་ཐོག་ཏུ་གང་མགྱོགས་སྤྱོད་འགོ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། སྲོལ་རྒྱུན་གྱི་གསོ་རིག་སྨན་རྫས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་འགོག་བཅོས་བྱེད་པར་བྱ་ཐབས་དེ་བས་མང་བ་མཁོ་འདོན་བྱེད་དགོས།
      གཉིས། དྲང་གཞག་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་རིམས་འགོག་སྨན་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་དགོས་མཁོ་ཡོད་པའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་དང་དེ་མཚུངས་ལག་རྩལ་གྱི་རྒྱབ་སྐྱོར་བྱས་ཏེ། རིམས་འགོག་སྨན་ཁབ་བགོ་བཤའ་དྲང་གཞག་རྒྱག་རྒྱུར་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས། མིག་སྔའི་བར། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་100ལྷག་ཙམ་ལ་རིམས་འགོག་སྨན་ཁབ་དུང་ཕྱུར་10ལྷག་ཙམ་དང་སྨན་ཆུ་མཁོ་འདོན་བྱས་ཡོད། ལོ་ཧྲིལ་པོར་ཕྱི་ཕྱོགས་ལ་རིམས་འགོག་སྨན་ཁབ་དུང་ཕྱུར་20མཁོ་འདོན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན། “ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་ལག་བསྟར་འཆར་གཞིར”ཨ་སྒོར་དུང་ཕྱུར་1ཞལ་འདེབས་བརྒྱབ་པའི་རྨང་གཞིའི་ཐོག ལོ་འདིའི་ནང་ཀྲུང་གོས་སླར་ཡང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་དུང་ཕྱུར་1རིན་མེད་ངང་ཞལ་འདེབས་རྒྱག་རྒྱུ་ཡིན་པ་ངས་ཁྱབ་བསྒྲགས་བྱ་རྒྱུ་ཡིན།
     གསུམ། གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་ཀྱིས་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། 《འབོ་གསེར་རྒྱལ་ཁབ་ཀྱི་དཔལ་འབྱོར་རོགས་ཟླའི་འཐབ་ཇུས་2025》དོན་འཁྱོལ་ཡག་པོ་བྱས་ནས། ཚོང་དོན་མ་འཇོག་དང་། ཚན་རྩལ་གསར་གཏོད། ལྗང་མདོག་ཐཱན་ཉུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་མཐོ་རིམ་ཚོགས་འདུ་དང་འབོ་གསེར་རྒྱལ་ཁབ་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲངས་གཞི་ཆེ་མོའི་གླེང་སྟེགས་འཚོག་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན། གསར་སྤེལ་དངུལ་ཁང་གསར་པས་ཁོངས་མི་མང་དུ་བཏང་བར་གྲུབ་འབྲས་དངོས་ཐོབ་པར་དགའ་བསུ་ཞུ་རྒྱུ་དང་ཆབས་ཅིག དངུལ་ཁང་གིས་ཁོངས་མི་འཕེལ་རྒྱས་གཏོང་བ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་དངུལ་རྩའི་ལས་དོན་ལ་རྒྱབ་སྐྱོར་བྱེད་པར་ནུས་པ་སྔར་བས་ཆེ་བ་འདོན་རྒྱུའི་རེ་བ་བྱེད་ཀྱི་ཡོད། འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བའི་ཞ་མོན་གསར་གཏོད་རྟེན་གཞི་དངོས་སུ་སྤྱོད་འགོ་ཚུགས་ཡོད། འབོ་གསེར་རྒྱལ་ཁབ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་བཟོ་ཚོང་ལས་རིགས་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
     བཞི། དྲང་གཞག་དྲང་བདེན་མཐའ་འཁྱོངས་ཀྱིས་ཆབ་སྲིད་བདེ་འཇགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། འབོ་གསེར་རྒྱལ་ཁབ་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྲ་བརྟན་དུ་བཏང་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། ཕྱི་འབྲེལ་དཔོན་དང་ཞལ་འཛོམས་དང་བདེ་འཇགས་ལས་དོན་གྱི་མཐོ་རིམ་འཐུས་ཚབ་ཀྱི་ཚོགས་འདུ་སོགས་ཀྱི་ལམ་སྲོལ་ཡག་པོ་སྤྱད་དེ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ལངས་ཕྱོགས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འབོ་གསེར་རྒྱལ་ཁབ་ཀྱི་འབོད་སྒྲ་དེ་བས་མང་བ་སྒྲོག་དགོས།
     ལྔ། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོའི་མནའ་འབྲེལ་བཙུགས་ནས་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་གཉེར་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ད་དུང་འབོ་གསེར་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་བགྲོ་གླེང་ཚོགས་འདུ་དང་མི་ཆོས་རིག་གནས་སྤེལ་རེས་ཀྱི་གླེང་སྟེགས་འཚོགས་ནས་རྒྱལ་ཁབ་ལྔའི་སྨྱན་སྦྱོར་དྲ་ཐོག་གི་གསོ་སྦྱོང་འཛིན་གྲྭ་འཛུགས་རྒྱུ་ཡིན། སང་ལོའི་ལོ་སྟོད་དུ་ཀྲུང་གོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་གཙོ་གཉེར་བྱ་རྒྱུ་ཡིན་པས། འབོ་གསེར་རྒྱལ་ཁབ་སོགས་འཛམ་གླིང་རྒྱལ་ཁབ་ཁག་གི་ལུས་རྩལ་པ་ཚོས་མཉམ་དུ་འགྲན་བསྡུར་བྱས་ནས་གྲུབ་འབྲས་བཟང་པོ་ལེན་པའི་རེ་སྒུག་བྱེད་ཀྱི་ཡོད།
     ཞི་ཅིན་ཕིང་གིས་བློ་གྲོས་ཅན་གྱིས་དུས་དང་བསྟུན་ནས་འགྱུར་བ་གཏོང་། ཡོན་ཏན་ཅན་གྱིས་དོན་དང་བསྟུན་ནས་བྱེད་ཐབས་བཟོ། ང་ཚོས་འབོ་གསེར་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་དུས་བསྟུན་འཕེལ་རྒྱས་ཡོང་བར་བྱེད་དགོས། ང་ཚོ་ཐུན་མོང་གི་འབད་བརྩོན་འོག་འབོ་གསེར་རྒྱལ་ཁབ་ཀྱི་ལམ་སྲོལ་ལས་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་ཐོན་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་སང་ལོ་ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་རྩིས་བླངས་ནས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་བཅུ་བཞི་པ་གཙོ་གཉེར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་རོགས་ཟླ་དང་མཉམ་དུ་ཁྱབ་ཁོངས་ཁག་གི་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ། དེ་བས་དམ་ཟབ་དང་དེ་བས་དངོས་སྒྲུབ་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ནས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
     རྒྱལ་ཁབ་ལྔའི་འགོ་ཁྲིད་མི་སྣས“འབོ་གསེར་རྒྱལ་ཁབ་ཀྱི་ལོ་15འབོ་གསེར་རྒྱལ་ཁབ་དང་མཉམ་ལས་བྱས་ནས་རྒྱུན་མཐུད་དང་། སྲ་བརྟན། ཐུན་མོང་ངོས་འཛིན་བཅས་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་གཏིང་ཟབ་གནང་བ་དང་།《འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་བཅུ་གསུམ་པའི་རྡི་ལི་གསར་པའི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ་རེད།

ཟླ་9ཚེས་9ཉིན་གྱི་དགོང་མོ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་བཅུ་གསུམ་པ་བརྙན་ལམ་ཐོག་ནས་གནང་ཞིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཞལ་འཛོམས་ནང་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཕུའུ་ས་དང་། པར་ཙིར་གྱི་ཙུང་ཐུང་པོ་སུའོ་ནཱ་ལུའོ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་བཅས་ཞུགས་པ་དང་རྒྱ་གར་གྱི་ཙུང་ལི་མོ་ཏིས་ཞལ་འཛོམས་གཙོ་སྐྱོང་གནང་བ།
ཟླ་9ཚེས་9ཉིན་གྱི་དགོང་མོ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་བཅུ་གསུམ་པ་བརྙན་ལམ་ཐོག་ནས་གནང་ཞིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཞལ་འཛོམས་ནང་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཕུའུ་ས་དང་། པར་ཙིར་གྱི་ཙུང་ཐུང་པོ་སུའོ་ནཱ་ལུའོ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་བཅས་ཞུགས་པ་དང་རྒྱ་གར་གྱི་ཙུང་ལི་མོ་ཏིས་ཞལ་འཛོམས་གཙོ་སྐྱོང་གནང་བ།

  
style="display:none;"