མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་12ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་10ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས། ན་ནིང་ནས་བཟུང་ང་ཚོས་སྤེལ་རེས་དམ་ཟབ་རྒྱུན་འཁྱོངས་བྱས་ནས་ཀྲུང་གོ་དང་འཇར་མན་དང་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་བཏོན་ཡོད་ལ། དེ་ཐོག་ནས་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་པོའི་དབར་གྱི་ཕན་ཚུན་ཡིད་ཆེས་ཆེན་པོའང་མཚོན་གྱི་ཡོད། ཙུང་ལི་མཁྱེན་ལྡན་མས་འཇར་མན་དང་ཡོ་རོབ་ཀྱིས་ཀྲུང་གོ་དང་དམ་པ་དོན་གཉེར་གྱི་མཉམ་ལས་དང་མཛའ་མཐུན་འགྲོ་འོང་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་རྒྱུར་འབད་བརྩོན་གནང་བཞིན་ཡོད་པས་ངས་བསྔགས་བརྗོད་ཆེན་པོ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྤྱིའི་ཆ་ནས་བདེ་བླག་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་དེ་རིམས་ནད་ཀྱི་དུས་བབ་འོག་མཉེན་ཤུགས་ཆེན་པོ་མངོན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཐོབ་སྣང་སྦྱིན་ཡོད། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་པོས་ཀྲུང་གོ་དང་ཡོ་རོབ་ཀྱིས་དུས་བཀག་ལྟར་མ་འཇོག་གྲོས་ཆོད་ཀྱི་གྲོས་མོལ་ལེགས་སྒྲུབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བ། རང་མོས་ཚོང་དོན་སྲུང་སྐྱོང་བྱེད་པ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པ་བཅས་བྱས་ཏེ་ལག་གདང་སྦྲེལ་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གྲུབ་འབྲས་ཆེན་པོ་ཐོབ་པའི་རྩ་བའི་རྒྱུ་རྐྱེན་ནི་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག མཉམ་ལས་གཉིས་ཕན་ལ་སྣང་ཆེན་བཅས་བྱས་ནས་ལེགས་ཆ་གསབ་རེས་ལ་སྐུལ་འདེད་བཏང་བས་རེད། ཕྱོགས་གཉིས་པོས་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་རྒྱུ་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ། མཉམ་ལས་ལ་དམིགས་རྒྱུ་བཅས་མཐའ་འཁྱོངས་བྱས་ཚེ་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་ཐུབ། འཇར་མན་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོར་འཛིན་པའི་ཡང་དག་སྲིད་ཇུས་མཐའ་འཁྱོངས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཧེ་བག་ལ་ལྟ་སྟངས་ཡང་དག་འཛིན་པ། མི་མཐུན་པའི་ཆ་དཔྱོད་ཤེས་ཀྱིས་ཐག་གཅོད་བཅས་བྱས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
     མོ་ཁེར་གྱིས། ཉེ་བའི་ལོ་ཤས་རིང་འཇར་མན་དང་ཀྲུང་གོ་རྒྱལ་ཁབ་གཉིས་དང་། ཡོ་རོབ་དང་ཀྲུང་གོའི་དབར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཕྱོགས་སྡོམ་བྱེད་རིན་ཡོད་པའི་ཆ་མང་པོ་ཡོད། ངས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་འཇར་མན་དང་ཀྲུང་གོ་རྒྱལ་ཁབ་གཉིས་དང་། ཡོ་རོབ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་སྐད་ཆ་ཤོད་རེས་ཡག་པོ་བྱས་ནས་ཧེ་བག་སེལ་བ་དང་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཡོ་རོབ་དང་ཀྲུང་གོའི་མ་འཇོག་ཆོད་དོན་དེ་ནི་ཡོ་རོབ་དང་ཀྲུང་གོ་ཕྱོགས་གཉིས་ཀའི་ངོས་ནས་བརྗོད་ན་གཉིས་ཁེ་གཉིས་ཕན་ཡོང་བ་ཞིག་ཡིན་པས་གང་མགྱོགས་ཆོག་མཆན་ཐོབ་ནས་ནུས་པ་ཐོན་རྒྱུའི་རེ་བ་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་འགོག་སྨན་ཁབ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     མོ་ཁེར་གྱིས་མིག་སྔའི་ཨ་ཧྥུ་ཀ་ནི་སི་ཐན་གྱི་དུས་བབ་ལ་འཛིན་པའི་ལྟ་སྟངས་གསུངས་ཤིང་། ཁོང་གིས། ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཤེས་དཔལ་མི་འདྲ་བ་མཉམ་གནས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དར་སྤེལ་གཏོང་བ་དང་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱས་ཏེ་འཇར་མན་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཨ་ཧྥུ་ཀ་ནི་སི་ཐན་ལ་ཞི་བདེ་བརྟན་ལྷིང་དངོས་འབྲེལ་ཡོང་བར་འབད་བརྩོན་ཧུར་ཐག་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"