མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས“ས་མཐོའི་མཐའ་སྲུང་དཔེ་བཟང་ཡིང་ཤོག”གི་ དཔོན་དམག་ཡོངས་ལ་འཕྲིན་ལན་སྤྲིངས་ནས། རྒྱལ་སྲུང་མཐའ་སྲུང་གི་འགན་འཁྲི་ལྷག་བསམ་རྣམ་དག་གིས་ཡག་པོ་བསྒྲུབས་ཏེ་ཏང་དང་མི་དམངས་ཀྱི་ཆེད་དུ་སླར་ཡང་
བྱས་རྗེས་གསར་པ་ཧུར་ཐག་འཇོག་དགོས་པའི་ལྕག་སྐུལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་15ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར“ས་མཐོའི་མཐའ་སྲུང་དཔེ་བཟང་ཡིང་ཤོག”གི་དཔོན་དམག་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།
     ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ལོ་5ཡི་རིང་ཁྱེད་ཚོས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་སྲོག་གནས་དཀའ་ཁུལ་དུ་བརྟན་སྲུང་གིས་ལང་ཚོ་དང་ཁྲག་དྲོན་ལ་བརྟེན་ནས་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་བསྲུངས་ཏེ་ལས་འགན་གཟེངས་སུ་ཐོན་པའི་ངང་ལེགས་སྒྲུབ་བྱས་ཡོད། ཚང་མ་ཧ་ཅང་ཡག་པོ་རེད་ཅེས་བསྟན་ཡོད།
     ཞི་ཅིན་ཕིང་གིས་མཐའ་སྲུང་དཔུང་སྡེས་མཐའ་སྟོབས་མཐའ་བརྟན་གྱི་འཐབ་ས་དང་པོར་དམག་འཐབ་བྱེད་པར་ལས་འགན་དཀའ་ཚེགས་ཆེ་ལ་འགན་འཁྲི་ལྕི་པོ་ཡོད། བློ་མཐུན་ཚོས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། དམག་སྦྱོང་དང་དམག་གྲབས་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྲུང་མཐའ་སྲུང་གི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ་བཅས་བྱས་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་སླར་ཡང་བྱས་རྗེས་གསར་པ་ཧུར་ཐག་འཇོག་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད།
     “ས་མཐོའི་མཐའ་སྲུང་དཔེ་བཟང་ཡིང་ཤོག”ནི་སྲོལ་རྒྱུན་བཟང་པོ་ལྡན་པའི་དཔའ་བོའི་དཔུང་སྡེ་ཞིག་རེད། ཡིང་ཤོག་དེ་བཅའ་སྡོད་བྱ་ཡུལ་དུ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4800ལྷག་ཙམ་ཟིན་པ་དང་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་40℃ཟིན་གྱི་ཡོད། ལོ་ལྟར་ལྷགས་པ་ཆེན་པོ་རིམ་པ་8ཡན་ཉིན་200ལྷག་ཙམ་རྒྱག་གི་ཡོད། དུས་ཡུན་རིང་པོའི་ནང་དཔུང་སྡེའི་དཔོན་དམག་ཚོས་གངས་ལྗོངས་ས་མཐོར་གཞི་ཚུགས་ནས་རང་འགན་གཙང་སྒྲུབ་བྱས་པར་སྔ་རྗེས་སུ་རྒྱལ་ཡོངས་དང་དམག་ཡོངས་ཀྱི་གཟེངས་བསྟོད་ཐེངས་9དང་གཟི་བརྗིད་མཚན་སྙན་ཐེངས་5ཐོབ་པ་དང་། བྱས་རྗེས་རིམ་པ་དང་པོ་འཇོག་མཁན་5དང་བྱས་རྗེས་རིམ་པ་གཉིས་པ་འཇོག་མཁན་44སོགས་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་འབོར་ཆེན་ཞིག་ཐོན་ཡོད། 2016ལོའི་ཟླ་8པར། ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་བཀའ་རྒྱར་མཚན་རྟགས་བཀོད་ནས་ཡིང་ཤོག་དེར“ས་མཐོའི་མཐའ་སྲུང་དཔེ་བཟང་ཡིང་ཤོག”གི་གཟི་བརྗིད་མཚན་སྙན་གནང་བ་རེད། ཉེ་ཆར། ཡིང་ཤོག་ཡོངས་ཀྱི་དཔོན་དམག་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ལོ་ལྔའི་རིང་གི་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་ལྷག་བསམ་རྣམ་དག་གིས་རྒྱལ་སྲུང་མཐའ་སྲུང་བྱེད་པའི་དད་སེམས་དང་ཆོད་སེམས་བརྟན་པོ་ཡང་མཚོན་པར་བྱས་པ་རེད།

  
style="display:none;"