མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གཅིག་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་19ཉིན། 16:10】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

འདི་ནི་ཟླ་9ཚེས་17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་བརྙན་ལམ་ལས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གཅིག་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བཞིན་པ།

འདི་ནི་ཟླ་9ཚེས་17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་བརྙན་ལམ་ལས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གཅིག་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བཞིན་པ།

     ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གཅིག་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས“ཧྲང་ཧའེ་ཡི་སྙིང་སྟོབས”ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་དེ་བས་ཚགས་དམ་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས་པའི་ནན་བཤད་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་བརྙན་ལམ་ལས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གཅིག་པར་ཞུགས་པ་དང་འབྲེལ《ཐོག་མའི་བསམ་འདུན་མ་བརྗེད་པར་འབད་འབུངས་མདུན་སྐྱོད་བྱས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་དགོས》ཞེས་པའི་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་20སོང་རིང“ཕན་ཚུན་ཡིད་ཆེས་དང་། གཉིས་ཕན། འདྲ་མཉམ། གྲོས་མོལ། སྣ་མང་ཤེས་དཔལ་ལ་བརྩི་འཇོག ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར”བཅས་ཀྱི“ཧྲང་ཧའེ་ཡི་སྙིང་སྟོབས”ལ་སྔ་ཕྱི་བར་གསུམ་དུ་བརྩི་སྲུང་ཞུས་ནས་འཛམ་གླིང་ཞི་བདེ་འཕེལ་རྒྱས་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་གཞོལ་ཏེ། རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་འཚོལ་ཞིབ་བྱས་ཡོད། ང་ཚོས་ཐུན་མོང་ཐོག་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་རྒྱུར་སྐུལ་འདེད་བཏང་ནས“དཔུང་གྲོགས་བྱེད་པ་ལས་མནའ་འབྲེལ་མི་བྱེད་པ་དང་སྐད་ཆ་ཤོད་རེས་བྱེད་པ་ལས་ཁ་གཏད་དུ་མི་ལངས་པའི”རྣམ་པ་གསར་རྐྱང་གཏོད་པ་དང་། ཐུན་མོང་ཐོག་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ནས་དུག་རྫས་ལྐོག་འདྲེན་དང་། དྲ་རྒྱའི་ཉེས་གསོག རྒྱལ་མཚམས་བསྒྲལ་བའི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་བཅས་མཆེད་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱས་ནས་ས་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་རྒྱལ་སྤྱིའི་ཀུན་སྤྱོད་དང་དྲང་བདེན་བསྐྱངས་ཏེ། ཕྱོགས་མང་རིང་ལུགས་དང་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བའི་ཐད་འབོད་སྒྲ་གསལ་པོ་སྒྲོག་པ་དང་། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱས་ནས་དྲང་གཞག་གི་ལངས་ཕྱོགས་གསལ་སྟོན་བཅས་བྱས་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད། ང་ཚོས“ཧྲང་ཧའེ་ཡི་སྙིང་སྟོབས”ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་མདུན་སྐྱོད་ཀྱི་ཁ་ཕྱོགས་སྟངས་འཛིན་བྱེད་པ་དང་། མིའི་རིགས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་བཀོད་པ་ཆེན་པོའི་ཁྲོད་རང་ངོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དེ་བས་ཚགས་དམ་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་བཅས་བྱས་ནས་འཛམ་གླིང་ཡུན་རིང་ཞི་བདེ་དང་ཐུན་མོང་ཐོག་དར་རྒྱས་ཡོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། ཞི་ཅིན་ཕིང་གིས་གྲོས་འགོ་ཁག་ལྔ་བཏོན་གནང་བ་སྟེ།
     གཅིག་ནས་མཐུན་སྒྲིལ་མཉམ་ལས་ཀྱི་ལམ་བུར་སྐྱོད་དགོས། སྲིད་ཇུས་ཀྱི་སྐད་ཆ་ཤོད་རེས་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་དབར་གྱི་ལུགས་མཐུན་གྱི་དོ་ཁུར་བྱ་ཡུལ་ལ་བརྩི་འཇོག་བྱེད་པ། མཉམ་ལས་ཁྲོད་ཐོན་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པ་བཅས་བྱས་ཏེ་ཐུན་མོང་ཐོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ཁ་ཕྱོགས་བརྟན་པོ་ཡོང་བར་བྱེད་དགོས། ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། རང་འདོད་རང་འཐད་ཀྱི་དགེ་རྒན་ལྟར་གྱི་རྫིག་ཉམས་དོད་པའི་བསླབ་འདོམས་དང་ལེན་གཏན་ནས་མི་བྱེད་པ། རྒྱལ་ཁབ་ཁག་གིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་དང་བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། ཕྱི་རོལ་ཕྱོགས་གཏོགས་ཀྱིས་ཁ་གཡར་ས་བཙལ་ནས་ས་ཁུལ་དང་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་ཇུས་གཏན་ནས་བྱེད་དུ་མི་འཇུག་པ་བཅས་བྱས་ཏེ་རང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་ཡར་ཐོན་གྱི་མདུན་ལམ་དང་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།
     མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་གཏིང་ཟབ་སྤེལ་བ། རིམས་འགོག་སྨན་ཁབ་དྲང་གཞག་དང་ལུགས་མཐུན་ངང་བགོ་བཤའ་རྒྱག་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ནད་དུག་གི་ཁུངས་འདེད་ཆབ་སྲིད་ཅན་དུ་འགྱུར་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ད་བར་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་100ལྷག་ཙམ་ལ་རིམས་འགོག་སྨན་ཁབ་དུང་ཕྱུར་12ལྷག་ཙམ་དང་མ་བཅོས་གཤེར་ཁུ་མཁོ་འདོན་བྱས་པ་མ་ཟད། ལོ་ཧྲིལ་པོར་འཛམ་གླིང་ལ་རིམས་འགོག་སྨན་ཁབ་དུང་ཕྱུར་20མཁོ་འདོན་བྱ་རྒྱུའི་བརྩོན་ལེན་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་རིམས་འགོག་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོ་ཕྱོགས་ཀྱིས“ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་ལག་བསྟར་འཆར་གཞིར”ཕུལ་བའི་ཞལ་འདེབས་ཨ་སྒོར་དུང་ཕྱུར་1ཡག་པོ་སྤྱོད་པ་བཅས་བྱས་ནས་མིའི་རིགས་རིམས་ནད་ལས་རྣམ་པར་རྒྱལ་བར་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན།
     གཉིས་ནས་བདེ་སྡུག་མཉམ་མྱོང་གི་ལམ་བུར་སྐྱོད་དགོས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱས་ནས“ཤར་དབྱི་སི་ལམ་ལས་འགུལ”སོགས“ངན་ཤུགས་གསུམ”ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། དུག་འགོག་དང་། མཐའ་སྲུང་། བྱེད་སྒོ་ཆེ་གྲས་ཀྱི་བདེ་འཇགས་བཅས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྩ་འཛུགས་འདི་གའི་བདེ་འཇགས་མཉམ་ལས་ལམ་སྲོལ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཁག་གི་གཙོ་གཉེར་སྡེ་ཚན་གྱི་བརྟན་ལྷིང་སྲུང་སྐྱོང་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་ནུས་པ་འཛུཌ་སྐྱོང་ལ་ཤུཌ་སྣོན་རྒྱག་པ་བཅས་བྱེད་དགོས། ཁོངས་མིའི་རྒྱལ་ཁབ་ཁག་གིས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཨ་ཧྥུ་ཀ་ནི་སི་ཐན་གྱི་དུས་བབ་བརྟན་པོའི་ངང་བར་བརྒལ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཀྱི་ལམ་བུའི་ཐོག་དངོས་འབྲེལ་སྐྱོད་དགོས།
     གསུམ་ནས་སྒོ་དབྱེ་སྦྲེལ་མཐུད་ཀྱི་ལམ་བུར་སྐྱོད་དགོས། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་མི་སྣ་དང་། དངོས་ཟོག མ་དངུལ། གྲངས་གཞི་བཅས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ཏེ་གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་ནུས་རྒྱུ། དེང་རབས་ཞིང་ལས་བཅས་ཀྱི་མཉམ་ལས་འཕར་གཞི་གཏོད་དགོས། “རྒྱུད་གཅིག་ལམ་གཅིག”གི་མཉམ་སྐྲུན་གྲོས་འགོ་དང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་དེ་བཞིན་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་སོགས་ས་ཁོངས་ཀྱི་མཉམ་ལས་གྲོས་འགོ་སྦྲེལ་མཐུད་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་དང་ཤར་བགྲོད་ཐུབ་རྒྱུར་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་ཁག་གི་དཔལ་འབྱོར་མཉམ་འདྲེས་དང་། འཕེལ་རྒྱས་མཉམ་འགུལ། གྲུབ་འབྲས་མཉམ་སྤྱོད་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།
     ཀྲུང་གོ་ཕྱོགས་ཀྱིས་ཁྲོམ་རའི་གོ་སྐབས་མུ་མཐུད་མཉམ་སྤྱོད་བྱས་ནས་འབྱུང་འགྱུར་ལོ་5ཡི་ནང་རྩ་འཛུགས་འདི་གའི་རྒྱལ་ཁབ་དང་མཉམ་དུ་རིམ་རྩིས་ཉོ་ཚོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་ཁྲི་2.3གྱི་དམིགས་ཚད་མངོན་འགྱུར་ཡོང་བའི་བརྩོན་ལེན་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དཔལ་འབྱོར་ཚོང་དོན་སློབ་གླིང་བཙུགས་ནས་དུས་ཐེངས་གཉིས་པའི་ཆེད་སྤྱོད་དངུལ་བུན་ལག་བསྟར་བྱེད་འགོ་བཙུགས་ཏེ“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་མཉམ་སྐྲུན་ཐད་སྤྱད་ནས་དེང་རབས་ཅན་གྱི་མཉམ་སྦྲེལ་མཉམ་མཐུད་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ལྗང་མདོག་ཐཱན་ཉུང་གི་རྒྱུན་མཐུད་འཕེལ་རྒྱས་སོགས་ཀྱི་རྣམ་གྲངས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་ཡིན།
     བཞི་ནས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ལམ་བུར་སྐྱོད་དགོས། ཤེས་དཔལ་མི་འདྲ་བའི་དབར་སྤེལ་རེས་དང་གླེང་མོལ་བྱེད་རེས་དང་ཞི་མཐུན་མཉམ་གནས་དར་སྤེལ་བཏང་སྟེ་ཚན་རྩལ་དང་། སློབ་གསོ། རིག་གནས། འཕྲོད་བསྟེན། དབུལ་སྐྱོར་སོགས་ཁྱབ་ཁོངས་སུ་མང་ཚོགས་དང་འབྲེལ་འདྲིས་ཟབ་པ་དང་མི་སེམས་གཅིག་སྒྲིལ་གྱི་རྣམ་གྲངས་དེ་བས་མང་བ་གཏོད་དགོས། འབྱུང་འགྱུར་ལོ་གསུམ་ནང་ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ལ་མི་1000དབུལ་སྐྱོར་གསོ་སྦྱོང་བྱ་རྒྱུ་དང་། ལུའུ་པན་བཟོ་ཁང་10བསྐྲུན་རྒྱུ་མ་ཟད། “དར་གོས་ལམ་བུ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བྱ་སྤྱོད་ཀྱི་སྒྲོམ་གཞིའི་ནང་འཕྲོད་བསྟེན་བདེ་ཐང་དང་། དབུལ་སྐྱོར་རོགས་སྐྱོབ། རིག་གནས་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྣམ་གྲངས་30བསྐྲུན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སང་ལོར་རྩ་འཛུགས་འདི་གའི་གཞོན་ནུའི་ཚན་རྩལ་གསར་གཏོད་གླེང་སྟེགས་གཉེར་ནས་རྩ་འཛུགས་འདི་གའི་སྲོལ་རྒྱུན་གྱི་གསོ་རིག་དང་སྨན་རྫས་ཐོན་ལས་མནའ་འབྲེལ་འཛུགས་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན། ཕྱོགས་ཁག་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ལ་ཞུགས་ནས་སྟབས་བདེ་ལ་བདེ་འཇགས་དང་ངོ་མཚར་ཆེ་བའི་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་ཐུན་མོང་ཐོག་གཉེར་རྒྱུར་དགའ་བསུ་ཞུ་གི་ཡིན་ཞེས་གསུངས་པ་རེད།
     ལྔ་ནས་དྲང་གཞག་དྲང་བདེན་གྱི་ལམ་བུར་སྐྱོད་དགོས། “གནས་སྐབས་ཀྱི་སྟོབས་ཆེ་ཆུང་ནི་སྟོབས་ཤུགས་ལ་རག་ལས་ཡོད། ཡུན་རིང་གི་རྒྱལ་ཕམ་ནི་གནས་ལུགས་ལ་རག་ལས་ཡོད” རྒྱལ་སྤྱིའི་ཐོག་གི་བྱ་བ་ཐག་གཅོད་བྱེད་པར“སྟོབས་ཤུགས་ཀྱི་གནས་བབ”ཟེར་བ་ནས་འགོ་བཙུགས་ཏེ་བཙན་དབང་དང་། ཧམ་ཤེད། བཙན་བརྙས་བཅས་དར་སྤེལ་གཏོང་མི་རུང་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་གཞིར་འཛིན་ཏེ་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བྱེད་པ། “སྒྲིག་སྲོལ”ཞེས་པར་ཁ་གཡར་ནས་རྒྱལ་སྤྱིའི་སྒྲིག་ལམ་གཏོར་བཤིག་གཏོང་བ་དང་འགོག་རྒོལ་དང་ཁ་ཕྲལ་གཏོང་བའི་སྤྱོད་ངན་སྤེལ་བར་ངོ་རྒོལ་བྱེད་དགོས། གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་ལྟ་བ་བརྟན་སྲུང་བྱས་ནས་ཁོང་ཡངས་དང་ཀུན་ཕན་གྱི་འཕེལ་རྒྱས་མདུན་ལམ་གཏོད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། ཟམ་མི་ཆད་པར་སྟོབས་ཆེར་འགྲོ་བའི“ཧྲང་ཧའེ་མཉམ་ལས་ཁྱིམ་ཚང་ཆེ་མོས”འཛམ་གླིང་ཐོག་གི་ཡར་ཐོན་སྟོབས་ཤུགས་མཐའ་དག་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་ཐུན་མོང་ཐོག་འཛམ་གླིང་ཞི་བདེ་འཛུགས་སྐྱོང་བྱེད་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་བྱེད་རྒྱུའི་ཡིད་ཆེས་ཡོད།
མཇུག་ཏུ་ཞི་ཅིན་ཕིང་གིས་གསུངས་དོན། ང་ཚོས“ཧྲང་ཧའེ་ཡི་སྙིང་སྟོབས”ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འབད་འབུངས་མདུན་སྐྱོད་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་མི་ཡུལ་གྱི་དྲང་བདེན་གྱི་འགྲོ་ལམ་བརྒྱུད་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་དགོས།
     ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧེ་མོང་ས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་དང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལོ་ཧྥུའུ། ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན·ཧན། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་ཡུའོ་ཡེ་ཧྥུའུ་སོགས་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ནུའོ་ལུའོ་ཧྥུའུ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ས་ཁུལ་གྱི་འཇིགས་སྐུལ་ལ་ངོ་རྒོལ་སྒྲིག་གཞིའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཅི་གཡོད་སུའོ་ཧྥུའུ་སོགས་རྒྱུན་འཛུགས་སྒྲིག་གཞིའི་འགན་འཁུར་བ་དང་། དེ་བཞིན་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་དང་དབྱི་རན་གྱི་ཙུང་ཐུང་ལའེ་ཤིས་སོགས་ལྟ་ཞིབ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་སྐུ་མགྲོན་ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་བཅས་ཚོགས་འདུར་ཞུགས་པ་རེད། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་། རྒྱ་གར་གྱི་ཙུང་ལི་མུའོ་ཏི། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་བཅས་བརྙན་ལམ་རྣམ་པའི་ཐོག་ནས་ཚོགས་འདུར་ཞུགས་པ་རེད།
     ཚོགས་འདུའི་ཐོག་དབྱི་རན་ཁོངས་མིའི་རྒྱལ་ཁབ་ལ་འཇུག་པའི་གོ་རིམ་འགོ་བཙུགས་པ་དང་། སོ་ཏི་ཨ་རབ་དང་། ཨེ་ཅིབ། ཁ་ཐར་བཅས་སྐད་ཆ་ཤོད་རེས་ཀྱི་རོགས་ཟླ་གསར་པར་བསྡུས་པ་རེད།
     ཚོགས་འདུའི་ཐོག་ཨུ་ཟ་བྷེ་ཁི་སི་ཐན་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་འགན་དང་ལེན་བྱ་རྒྱུའི་ཐག་བཅད་པ་རེད།
     ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས《ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་ཉི་ཤུ་འཁོར་བའི་ཏུའུ་ཧྲང་པེའི་བསྒྲགས་གཏམ》ལ་མིང་རྟགས་བཀོད་པ་དང་འབྲེལ་གྲོས་ཆོད་རབ་དང་རིམ་པར་ཆོག་མཆན་ཡང་གནང་བ་རེད། ཚོགས་འདུའི་ཐོག་ད་དུང་ཚན་རྩལ་གསར་གཏོད་དང་འབྲུ་རིགས་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྐོར་གྱི་གསལ་བསྒྲགས་སྤེལ་བ་རེད།

  
style="display:none;"