མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ལྗར་པན་གྱི་དབུ་བཞུགས་བློན་ཆེན་ལ་ཞལ་པར་བཏང་། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་09ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད། 
     ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལྗར་པན་ནི་ཁྱིམ་མཚེས་རྒྱལ་ཁབ་སྟེ། “ཁྱིམ་མཚེས་བཟང་པོ་ནི་རྒྱལ་ཁབ་ཀྱི་ནོར་བུ་ལྟ་བུ་ཡིན”པ་སྟེ། ཀྲུང་གོ་དང་ལྗར་པན་གྱི་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད་ལ། ཨེ་ཤེ་ཡ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་། བརྟན་བརླིང་། དར་རྒྱས་བཅས་ལའང་ཕན་པ་ཡོད། མིག་སྔར། ཀྲུང་གོ་དང་ལྗར་པན་གྱི་འབྲེལ་བའི་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་ཡོད། ལྗར་པན་སྲིད་གཞུང་གསར་པས་རྒྱལ་ཁབ་གཉིས་པོའི་མཐོ་རིམ་བར་འབྲེལ་གཏུག་བྱ་རྒྱུར་མཐོང་ཆེན་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། ལྗར་པན་ཕྱོགས་དང་སྐད་ཆ་ཤོད་རེས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་མ་འོངས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས། དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་ཀྲུང་གོ་དང་ལྗར་པན་གྱི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། སང་ལོ་ནི་ཀྲུང་གོ་དང་ལྗར་པན་རྒྱལ་ཁབ་བར་འབྲེལ་བ་རྒྱུན་གཏན་ཅན་དུ་གྱུར་ནས་ལོ་50འཁོར་བའི་ལོ་ཞིག་ཡིན་པས། ཕྱོགས་གཉིས་པོས་ཐོག་མའི་བསམ་འདུན་བསྐྱར་དྲན་དང་ཁ་ཕྱོགས་གཅིག་ཏུ་བསྐྱོད་དེ་ཐུན་མོང་ཐོག་ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་དེར་བསུ་བ་ཞུས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་མདུན་ལམ་གསར་པ་གཏོད་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་། 
    ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ལྗར་པན་གྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དྲང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་ནན་ཏན་ངང་བསྡུ་ལེན་བྱས་ནས། ཀྲུང་གོ་དང་ལྗར་པན་གྱི་ཆབ་སྲིད་ཡིག་ཆ་བཞིས་གཏན་འཁེལ་བྱས་པའི་རྩ་དོན་ཁག་ལ་བརྩི་སྲུང་ནན་པོ་བྱས་ཏེ། “ཕན་ཚུན་མཉམ་ལས་རོགས་ཟླའི་འབྲེལ་བ་དང་ཕན་ཚུན་འཇིགས་སྐུལ་མི་བྱེད་པའི”ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་ལག་ལེན་ཏན་ཏིག་བསྟར་ནས། ལོ་རྒྱུས་དང་ཐའེ་ཝན་དང་འབྲེལ་བ་ཡོད་པ་སོགས་ཀྱི་ཚོར་སྣང་སྐྱེན་པའི་གནད་དོན་གལ་ཆེན་ཐག་གཅོད་འོས་འཚམ་བྱས་ཏེ། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་ཡག་པོ་བྱེད་པ་དང་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་དང་ཁྱོན་ཡོངས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། ཕྱོགས་གཉིས་པོས་རྒྱལ་སྲིད་སྐྱོང་ལུགས་སྐོར་ནས་སྤེལ་རེས་དང་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། དྲང་གཞག་སྒོ་དབྱེའི་ཚོང་དོན་དང་མ་འཇོག་ཁོར་ཡུག་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་ཡོང་བར་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པོ་བསྐྲུན་དགོས། ཕྱོགས་གཉིས་པོས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་རང་སོ་སོའི་རྩ་བའི་ཁེ་ཕན་དང་མིའི་རིགས་ཀྱི་ཐུན་མོང་ཁེ་ཕན་ལ་གཞིགས་ཏེ། མཐུན་ལ་མི་འདྲ་བ། ཕྱར་བ་གྲུ་འདེགས་ཀྱིས་ཨེ་ཤེ་ཡ་ཤར་མའི་བློ་གྲོས་དར་སྤེལ་བཏང་སྟེ། ས་ཁོངས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཐུན་སྦྱོར་ངང་ཁ་གཏད་བཅལ་ནས། འཛམ་གླིང་ཞི་བདེ་དང་། བརྟན་བརླིང་། འཕེལ་རྒྱས་བཅས་ལ་སྲུང་སྐྱོང་བྱེད་དགོས། ལྗར་པན་གྱིས་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ལྗར་པན་ཕྱོགས་ཕྱི་ལོའི་ཟླ་2པར་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུུ་ཡིན་བསྟན།
   ཨན་ཐེན་ཝུན་ཞུང་གིས་ཀྲུང་གོའི་རྒྱལ་སྟོན་ལ་བཀྲ་ཤིས་བདེ་ལེགས་ཞུས། ཨན་ཐན་གྱིས་དེང་སྐབས་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་འོག་ལྗར་ཀྲུང་འབྲེལ་བ་དུས་རབས་གསར་པར་སླེབས་ཡོད། ལྗར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ལྗར་ཀྲུང་འབྲེལ་བའི་ལོ་རྒྱུས་ཁྲོད་ནས་བློ་སྒོ་གལ་ཆེན་ཕྱེ་སྟེ། ཕྱི་ལོའི་ལྗར་ཀྲུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་གཏན་ཅན་དུ་གྱུར་ནས་ལོ་50འཁོར་བའི་དུས་མཚམས་དང་བསྟུན་ནས། དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་དགེ་མཚན་ལྡན་པ་དང་བརྟན་བརླིང་གི་ལྗར་ཀྲུང་འབྲེལ་བ་ཐུན་མོང་ཐོག་གཏོད་རྒྱུར་འབད་བརྩོན་བྱེད་འདོད་ཡོད་པ། ཕྱོགས་གཉིས་པོས་སྐད་ཆ་ཤོད་རེས་བྱས་ནས་མི་མཐུན་པའི་ཆ་དོ་དམ་ཚོད་འཛིན་བྱེད་དགོས། ལྗར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་དཔལ་འབྱོར་མཉམ་ལས་དང་དམངས་ཁྲོད་སྤེལ་རེས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། ཏོག་གསར་གློ་ཚད་རིམས་ནད་དང་གནམ་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ལ་འགོག་རྒོལ་བྱེད་པའི་ཐད། འབྲེལ་གཏུག་མཉམ་ལས་དམ་ཟབ་བྱེད་འདོད་ཡོད་པ་དང་། ལྗར་པན་ཕྱོགས་ཀྱིས་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་འཚོག་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་པ་བསྟན། 
   ཕྱོགས་གཉིས་པོས་ད་ཐེངས་ཀྱི་སྐད་ཆ་ཤོད་རེས་དེ་དུས་ཐོག་ཏུ་འཁེལ་ཞིང་གལ་འགངས་ཤིན་ཏུ་ཆེ་བའི་ངོས་འཛིན་བྱས་པ་མ་ཟད། བྱེད་ཐབས་སྣ་ཚོགས་བརྒྱུད་མཉམ་འགུལ་འབྲེལ་མཐུད་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡང་དག་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱ་རྒྱུའི་མོས་མཐུན་ཡང་གནང་བ་རེད།

  
style="display:none;"